༼ བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག ༽
༄།། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
ཤོ་ལོ་ཀ་འདི་ཉིད་ཀྱི་དོན་རང་གིས་ཉམས་ལེན་ཇི་ལྟར་བྱས་པ་ལྟར་ཅུང་ཟད་ཞུ་ན། བླ་མས་བྱ་བ་སྤྱོད་པ་ཇི་ལྟར་མཛད་རུང་དེ་ནོར་བ་མེད་པ་དང་། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དུ་ལྟ་དགོས་པ་ནི། རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་ནས་ཁོ་ཐག་ནང་ནས་ཆོད་པ་ཞིག་དགོས་པ་དེ་མ་མཐའི་ཚད་དུ་འཇོག་དགོས་ལ། ང་རང་ལྟ་བུ་ཞིག་ཡིན་ན། བླ་མ་དང་མཉམ་འགྲོ་མཉམ་འགྲོགས་བྱེད་པའི་སྐབས་སུ། ངས་ནམ་དུ་ཡང་བླ་མ་དེ་ལ་མཚན་ཉིད་ཚང་ཡོད་མེད་དཔྱད་པ་བྱེད་མ་མྱོང་། བླ་མ་ལ་མཇལ་བ་ནས་བཟུང་། དེ་ཀ་རང་ནས་སངས་རྒྱས་བྱང་སེམས་དངོས་ཡིན་སྙམ་པའི་བློ་ཐག་ནང་ནས་ཆོད་ཡོད། དེ་ལ་མནའ་ཞིག་བསྐྱལ་ནའང་རྫུན་གཏན་ནས་མེད། ཁོང་དང་ངེད་གཉིས་ཚེ་རབས་དུ་མར་འབྲེལ་བའི་དབང་གིས་ཡིན་ནམ། རྐྱེན་གཞན་ཞིག་གིས་ང་ཁོང་ལ་སེམས་པ་ཤོར་སོང་བ་གང་ཡིན་ཡང་འདྲ། རྩ་བའི་བླ་མ་མཆོག་གིས་ང་ལ་བཟང་བསླབ་ནའང་ཆོག ངན་བསླབ་ནའང་ཆོག ངས་རང་མོས་རང་དབང་གི་སྟེང་ནས་དང་ལེན་བྱེད་ངེས་ལ། གཞན་དོན་གསུངས་པ་ཕར་ཞོགས། མགོ་སྐོར་གྱི་གསུང་ཞིག་བྱོན་འོང་ན་ཡང་དགའ་བཞིན་དང་ལེན་བྱེད་རྒྱུའི་བློ་ཁོག་དང་སྤོབས་པ་ཡོད། ག་རེ་རེད་ཟེར་ན། བླ་མའི་མདུན་ནས་དབང་ལུང་མན་ངག་སོགས་གསང་སྔགས་ཟབ་མོའི་གདམས་པ་མང་དུ་ཐོབ་ཚར་བ་རེད། དམ་ཚིག་ལ་སེལ་མ་ཞུགས་ན་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཐུབ་པ་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་རེད། དེས་ན་བླ་མས་ཅི་ཞིག་གསུངས་ཡང་དེ་ཉིད་བསྒྲུབ་རྒྱུ་ནི་ལས་ཅི་ལ་ཐུག་ནའང་རང་ལ་རང་དབང་ཡོད་པའི་ཐོག་ནས་ཐག་བཅད་པ་ཡིན། དེའི་ཕྱིར་ཕྱོགས་དེ་ནས་ལས་འགན་ཐམས་ཅད་སློབ་མས་འཁུར་དགོས་པ་ལས། བླ་མར་ཁག་འགེལ་བྱ་ས་ཅི་ཡང་མེད། ངའི་བཀའ་དྲིན་ཅན་གྱི་བླ་མ་རྣམས་ལ་མཚོན་ན། དཔེར་ན། གཏེར་ཆེན་བླ་མ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནི། ཐབ་ཀ་ལྟ་བུར་ཆགས་ཡོད། དིལ་མཁྱེན་རྡོ་རྗེ་འཆང་ནི། མེ་ཤིང་ལྟ་བུར་ཆགས་ཡོད། རིགས་བདག་གྲུབ་དབང་བླ་མ་ནི། མེ་ཆ་ལྟ་བུ་ཞིག་གམ་མེ་ལྟ་བུར་ཆགས་ཡོད། བླ་མ་བཀའ་དྲིན་ཅན་ཁང་སར་རིན་པོ་ཆེ་ནི། ཁོལ་མོ་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་ཡིན་དུས་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་རང་ལ་ཇ་ཚ་བོ་ཞིག་འཐུང་རྒྱུའི་གོ་སྐབས་བྱུང་བ་རེད། དགུན་ཁ་གྲང་ངར་ཆེ་བའི་སྐབས་སུའང་ལུས་སེམས་ཐམས་ཅད་དྲོད་ལམ་ལམ་བྱུང་ཡོད་པ་རེད། ད་ལྟ་བླ་མ་རྣམས་ཀྱི་བཀའ་དྲིན་དྲན་པའི་སྐབས་སུ་བཟོད་དུ་མེད་པར་ངུ་ཤོར་གྱིན་ཡོད། ང་གང་ཟག་ཐབས་སྡུག་ཅིག་ཡིན་པས་ངུ་རྒྱུ་མ་གཏོགས་ཐུགས་དགོངས་རྫོགས་པའི་བྱ་བ་གང་ཡང་མི་ཐོན་མོད། ངས་ནམ་རྒྱུན་རྩ་བའི་བླ་མ་རྣམས་སྙིང་ནང་དུ་བསྒོམས་ཡོད། དེ་ནི་ཡ་ཆུང་གི་སྲོག་དང་ཁྱད་པར་མེད་པའི་དགའ་ལུགས་ཤིག་གམ་གུས་ལུགས་ཤིག་ཡིན། སྐབས་རེར་སྤྱི་བོའི་སྟེང་དུ་བསྒོམས་ཡོད། འགྲོ་བའི་སྐབས་སུ་ཕྲག་པ་གཡས་པའི་ཐོག་ཏུ་བཞུགས་ཡོད་པར་བསྒོམས་ཡོད། ཟས་ཟ་བའི་དུས་སུ་མགྲིན་པའི་ནང་དུ་བཞུགས་ཡོད་པར་བསྒོམས་ཡོད། གསང་སྤྱོད་ནང་འགྲོ་བའི་སྐབས་སུ་བླ་མས་ཁ་ཡོལ་མནབས་ཡོད་པར་བསྒོམས་ཡོད། དེ་ནི་བླ་མ་ལ་དྲི་ངན་བདུག་མི་རུང་བའི་གུས་པ་མཚོན་སྟངས་ཤིག་ཡིན། སྐབས་རེར་བླ་མས་མིག་ཤེལ་ནག་པོ་གྱོན་ཡོད་པར་ཡང་བསྒོམས་ཡོད། དེ་ནི་ང་རང་གིས་ནང་གོས་ཕུད་སྐབས་སོགས་སུ་བླ་མས་གཟིགས་ན་མི་ཡག་པོའི་འཇིག་རྟེན་མཐུན་འཇུག་གི་བརྩི་བཀུར་མཚོན་བྱེད་ཙམ་ཡིན། ཉལ་བའི་སྐབས་སུ་བླ་མ་སྙིང་གའི་དབུས་སུ་བཞུགས་ཡོད་པར་བསྒོམས་ནས་ཉལ་གྱིན་ཡོད། དེ་བཞིན་དུ་སྐབས་སྐབས་སུ་བླ་མའི་ཐུགས་དང་རང་སེམས་བསྲེས་ནས་སྡོད་ཀྱིན་ཡོད། ནམ་ཞིག་འཆི་རན་པའི་དུས་ལ་བབས་པའི་ཚེ་ན། རང་སེམས་རྣམ་ཤེས་འདི་ཡར་ལ་བླ་མའི་ཐུགས་དང་གཅིག་ཏུ་བསྲེ་ཨེ་ཐུབ་བལྟ་རྒྱུ་འདི་མི་ཚེ་གང་ལ་རེ་བསྙེག་བྱ་ཡུལ་གཅིག་པོ་དེ་ཡིན། དེ་ལྟར་ཐུབ་སོང་ན་འགྱོད་མེད་བློ་བདེའི་ངང་ནས་ཤི་ཐུབ་སོང་པ་རེད། བླ་མེད་ཀྱི་རྒྱུད་སྡེ་དག་ལས། འཇའ་ལུས་འཕོ་བ་ཆེན་པོ་ཟེར་བའང་འདི་ལ་ངོས་བཟུང་འདུག་པ་མང་། མདོར་ན་ངའི་མི་ཚེའི་ནང་འབྲལ་མི་རུང་བའི་འགྲོ་རོགས་འདུག་རོགས་ལྟ་བུའི་ཚེ་རོགས་དངོས་ནི་ཉམས་ལེན་འདི་ལ་ངོས་འཛིན་གྱིན་ཡོད། ང་ལ་བླ་མ་འདི་རྣམས་ལས་གཞན་དུ་གྱུར་བའི་ལྷ་ཞེས་བྱ་བའི་ཞལ་གསུམ་ཕྱག་དྲུག་ཅན་ཞིག་བསྒོམ་རྒྱུའང་མེད་ལ། ཡིག་ཆ་ཁག་ལས་བྱུང་བའི་མིའི་བློ་ལ་འཆར་དཀའ་བའི་བསྐྱེད་རིམ་དེ་ཚོ་དགོས་པ་ཡང་མེད་བསམ་གྱིན་ཡོད། དེ་རིང་དགའ་དགོས་པའི་གནས་ཚུལ་བླ་མ་བཀའ་དྲིན་ཅན་གྱི་ཡང་སྲིད་འཁྲུལ་བྲལ་ལ་ན་བཟའ་གསོལ་བའི་གནས་ཚུལ་གོ་མ་ཐག་དགའ་དྲགས་ནས། བྲོ་ཞིག་འཁྲབ་སྙིང་འདོད་ཚེ་ཡི་གེ་འདི་འཕྲལ་བྲིས་བྱས་པ་ལགས། ནང་མི་རྣམས་ལ་ནང་མོལ་གྱི་སྐད་ཆ་ཙམ་ཡིན།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནམ་མིང་གཞན་དབང་ཆེན་དགྱེས་པའི་རྡོ་རྗེ་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༥ལ།
རྒྱ་ཡིག 您需要拜師的話,可以參考這篇
དབྱིན་ཇིའི་ཡིག If You Are Looking to Become a Disciple to a Master, You May Consider This Article as a Reference
Facebook link