གསར་འགྱུར་ཅིག

འཇིགས་མེད་སྣང་གྲོལ་ལ་ཕུལ་བ།

Choktrul20261106

འཇིགས་མེད་སྣང་གྲོལ་ལ་ཕུལ་བ།

སྣ༷ང་བ༷་རང༷་སར་གྲོ༷ལ་བའི་དུ་གྲོགས་ཁྱོད་ལ། །
མཆོག་སྨྱོན་རྣམ་རྟོག་མང་པོ་ཚུབ་པའི་བར་ནས། །
ཡེ་གཞི་དོན་གྱི་གནས་ལུགས་བཤད་པ་དཀའ་ཡང་། །
གོ་དོན་རབ་རིབ་ཙམ་ཞིག་ཡིག་གེར་བཀོད་ན། །

ཉན་ཐོས་གཞུང་ལས་བསྟན་པའི་འགོག་བདེན་མྱང་འདས། །
སེམས་ཙམ་པ་ཡིས་བཤད་པའི་རང་རིག་རང་གསལ། །
དབུ་མའི་གཞུང་ལས་སྒྲུབ་པའི་བདེན་གཉིས་ཟུང་འཇུག །
རྡོ་རྗེ་ཐེག་པས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། །
ཏེ་ལོ་གྲུབ་པའི་གསུངས་ན་སངས་རྒྱས་ཕྱག་ཆེན། །
རྫོགས་པ་ཆེན་པོའི་གཞི་ཡི་གནས་ལུགས་བཀྲལ་ན། །

ཆོས་སྐུའི་རང་བཞིན་ཆེན་པོ་གཡོ་བ་མེད་པར། །
ལོངས་སྐུའི་སྐུ་དང་ཞིང་ཁམས་འགག་པ་མེད་བཞིན། །
སྤྲུལ་སྐུ་ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ་པ། །
སྐུ་གསུམ་འདུ་འབྲལ་མེད་པར་ང་ལ་བཞུགས་ཞེས། །
ཁ་ཕོ་གཞན་ལས་ཆེ་བ་སྙིང་གི་ཡང་ཏིག །
འབད་དང་རྩོལ་བ་མ་དགོས་རང་ངོ་ཤེས་ན། །
ས་ལམ་ཅིག་ཆར་རྫོགས་པའི་གདམས་པ་ཡོད་དོ། །

དེ་དང་དེ་འདྲའི་མྱུར་ལམ་ཟབ་མོ་དེ་ཚོ། །
བསོད་ནམས་ཆེན་པོ་མེད་ན་གོ་བ་དཀའ་འོ། །
བརྒྱུད་གསུམ་བླ་མའི་གདམས་ངག་རྣ་བར་ཐོས་པས། །
མཆོག་སྤྲུལ་སྨྱོན་པ་དེ་ཡང་རང་ལ་མགུ་བཞིན། །
སྐྱིད་ཉལ་བྱེད་པ་སུ་ལ་ལྟོས་དགོས་མི་འདུག །

༢༠༢༦ ༡༡ ༦ མཆོག་སྤྲུལ་ནས་བྲིས།

བླ་མེད་བླ་མ་ཁང་སར་རྒད་པོ།

བླ་མེད་བླ་མ་ཁང་སར་རྒད་པོ།

བླ་མེད་བླ་མ་ཁང་སར་རྒད་པོ། །
ཡང་ཡང་དྲན་བཞིན་གསོལ་བ་འདེབས་ན། །
དགྱེས་པའི་བུ་ལ་ཐུགས་རྗེ་གཟིགས་བཞིན། །
སྒོ་གསུམ་འཁྲུལ་བའི་ལམ་དུ་མ་བཏང་། །

སྣང་སྟོང་ཟུང་འཇུག

སྣང་སྟོང་ཟུང་འཇུག

༄༅། རྫོགས་ཆེན་གླིང་དུ་བཞུགས་པའི་དྲ་གྲོགས་ཚོ་ལ་ཞུ་རྒྱུ།

དགག་བྱ་དེ་ལ་རིགས་པའི་དགག་བྱ་དང་ལམ་གྱི་དགག་བྱ་གཉིས་སུ་ངེས་ཏེ། རིགས་པའི་དགག་བྱ་ནི་གཙོ་མི་ཆེ། ལམ་གྱིས་དགག་བྱ་ལ་ངོས་འཛིན་བྱེད་ཤེས་པ་ཤིན་ཏུ་ནས་གལ་ཆེ། བདེན་གྲུབ་ཅེས་ནི་ཚིག་ཙམ་ལས་དོན་བྱེད་ནུས་པས་བདེན་གྲུབ་ཐ་སྙད་ཚད་མས་འཇོག་མི་ནུས་ལ། རི་རྭ་དང་ཁྱད་པར་ཅི་ཡང་མེད། དེས་ན་ལམ་གྱི་དགག་བྱ་བདག་འཛིན་རྣམ་པ་གཉིས་དང་ཤེས་སྒྲིབ་འདི་ལ་དོ་སྣང་བྱ་རྒྱུ་གལ་ཆེ།

སྣང་བ་ཡིན་ན་མིག་ལ་སྣང་བ་ཡིན་པས་མ་ཁྱབ། གཟུང་འཛིན་སྣང་བའི་ཡུལ་ཡིན་ན་ཕྱི་རོལ་གྱི་ཡུལ་ཡིན་པས་འང་མ་ཁྱབ། སེམས་ལ་ཡང་གཉིས་སྣང་འཇོག་ཤེས་པ་གལ་ཆེ། སྣང་སྟོང་གཉིས་ཀ་ཡང་སེམས་ཀྱི་སྟེང་དུ་ཁྱད་པར་ཕྱེ་དགོས་པ་གལ་ཆེ། སེམས་ཀྱི་སྟེང་དུ་ཟུང་འཇུག་ཡང་ངོ་ཤེས་དགོས་པ་གལ་ཆེ་ཆེ།

མཁྱེན་བརྩེ་དབང་པོས། སྟོང་ཐོག་ཏུ་སྣང་བ་སྤྱན་དྲངས་མི་དགོས་པར། སྣང་ཐོག་ཏུ་སྟོང་པ་བཞུགས་གསོལ་མ་དགོས་པ་ཡིན་གསུངས་པ་ལྟར་དུ། ནམ་དུ་ཡང་སེམས་འདི་གུ་ཡངས་པོ་བྱུང་ན་སྣང་སྟོང་ཟུང་འཇུག་གི་གོ་བ་ཞིག་ཤེས་ཡོད་པ་འདྲ། དང་པོ་སྣང་བའི་རྣམ་རྟོག་སྐྱེ་དགོས་པ་དང་གཉིས་པ་ལ་སྟོང་པའི་རྣམ་རྟོག་སྐྱེས་དགོས་པ་ནི་ད་དུང་ལྷ་བའི་དཔྱད་པ་རྫོགས་མེད་པའི་རྟགས་རེད་ལགས། གཞན་མང་པོ་ཅི་མི་ཤེས།

སྣང་དང་སྟོང་པ་སོ་སོར་གོ་བ་དང་།།
སྣང་དང་སྟོང་པ་ཟུང་འཇུག་གོ་བ་གཉིས།།
སྤྲོས་པའི་མཐའ་དང་བྲལ་བའི་གནས་ལུགས་ལ།།
ད་དུང་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ།།

སྣང་བཞིན་སྟོང་ལ་སྟོང་ཀྱང་སྣང་བ་འདི།།
སྐད་ཅིག་གཅིག་ལ་འཛིན་པའི་བློ་འདས་ན།།
བསམ་མི་ཁྱབ་པའི་ཆོས་ཉིད་གནས་ལུགས་དོན།།
མཇལ་བའི་སྐལ་བ་ཡུན་དུ་རིང་བ་མིན།།

༢༠༢༦ ༡༠ ༢༦ ལག་པ་འདར་བཞིན་དུ་མཆོག་སྤྲུལ་ནས་བྲིས། རང་སློབ་མཆོག་ཆོས་བཟང་ནས་འཕྲུལ་དུ་ཡི་གེར་བཏབ་པའོ།།

སྨིན་གླིང་ཁྲི་ཆེན་འསྔ་འགྱུར་གསེར་ཁྲིར་མངའ་གསོལ་གྱི་བཀྲ་ཤིས་སྨོན་ཚིག

MinlingTrichen

སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་འཇིགས་མེད་པདྨ་དབང་གི་རྒྱལ་པོ་མཆོག་སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཆེན་པོར་གསེར་ཁྲིར་མངའ་གསོལ་གྱི་བཀྲ་ཤིས་སྨོན་ཚིག་གཡས་འཁྱིལ་དཀར་མོ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཨོ་རྒྱན་བདེ་བ་ཆེན་པོའི་ཐུགས་ཀློང་ལས། །
བདེ་ཆེན་སྒྱུ་མའི་ལང་ཚོ་རྫོགས་པའི་དཔྱིད། །
མི་ཤིགས་བདུན་ལྡན་རྡོ་རྗེའི་སྐུ་བརྙེས་པ། །
ཀུན་བཟང་འཇིགས་མེད་རྣམ་པར་རོལ་ལ་འདུད། །

ཆོས་ཉིད་མི་འགྱུར་ཆོས་སྐུའི་ངོ་བོ་ལས། །
རང་བཞིན་འགག་མེད་ལོངས་སྐུའི་རྩལ་འཆང་བ། །
སྤྲུལ་པའི་རོལ་གར་པདྨ་དབང་གི་རྒྱལ། །
རྒྱལ་བསྟན་འཁོར་ལོས་སྒྱུར་བར་བྱོན་ལ་འདུད། །

སྔ་འགྱུར་བསྟན་པའི་ཉི་བྱེད་འོད་སྟོང་ཅན། །
གདུལ་བྱའི་མཁའ་དབྱིངས་ཡངས་པོར་འདྲེན་མཛད་པའི། །
སྨིན་གྲོལ་གླིང་ཞེས་གྲགས་པའི་ཆོས་ཀྱི་སྡེ། །
འཛམ་གླིང་འཛིན་མའི་རྒྱན་དུ་འདེགས་པར་མཛོད། །

བཀའ་གཏེར་བསྟན་པའི་རྒྱ་མཚོ་ཆེན་པོ་རུ། །
མན་ངག་ཡིད་བཞིན་ནོར་བུའི་མཛོད་སྤུངས་པ། །
ཀུན་ནས་ཉམས་མེད་ཀུན་ཏུ་རྒྱས་མཛད་པའི། །
བསྟན་འཛིན་ཀླུ་དབང་ཆེན་པོའི་ངོ་བོར་བཞུགས། །

མཆོག་གསུམ་རྩ་བ་གསུམ་དང་བསྟན་སྲུང་ཚོགས། །
དབྱིངས་ནས་མ་གཡེལ་ཐུགས་རྗེའི་ཤུགས་བསྐྱེད་ལ། །
དེང་འདིར་ཁྲི་ཆེན་འགྱུར་མེད་ཀུན་ཏུ་བཟང་། །
འཇིགས་མེད་པདྨ་དབང་རྒྱལ་ཞབས་བརྟན་གསོལ། །

ཞེས་པ་འདི་ནི་སྔ་འགྱུར་ཁྲི་འཛིན་བརྒྱད་པ་དཔལ་ཡུལ་མཆོག་སྤྲུལ་ཚེ་རིང་ཕུན་ཚོགས་ནས་རིང་ནས་སྨོན་པའི་དོན་འདི་ཡིད་བཞིན་དུ་གྲུབ་པའི་སྐབས་དུ། ཤིན་ཏུ་དགའ་བ་དང་སྤྲོ་བའི་ཉེར་ལེན་ལས། ཕྱི་ལོ། ༢༠༢༦/ ༡༠/ ༡༦/ ཉིན་ཤར་མར་བྲིས་པ་དགེ་ལེགས་འཕེལ།

ཕུང་བ་འདི་གསུམ་ངས་ངོས་འཛིན།

Choktrul OK
དབུས་གཙང་ཁོག་ནག་བྱས་ནས་ཕུང་།།
ཁམས་པ་ཁོང་ཁྲོ་ཆེ་ནས་ཕུང་།།
མགོ་རྫ་གསེར་གསུམ་གཡོ་སྒྱུས་ཕུང་།།
ཕུང་བ་འདི་གསུམ་ངས་ངོས་འཛིན།།

༢༠༢༦/༡༠/༥ མཆོག་སྨྱོན་ནས་བྲིས།

གནོད་སྦྱིན་བཙན་རྒོད་འབར་བའི་གསོལ་མཆོད་ནི།

གནོད་སྦྱིན་ཆེན་པོ།

࿐གནོད་སྦྱིན་ཆེན་པོ་ལ་ཡིད་ཆེས་ཡོད་པ་དང་། ང་ལ་དད་འདུན་ཡིན་མཁན་སློབ་ཚོགས་སུ་ཡིན་ཡང་། དྲྭ་འདི་མཐོང་མ་ཐག་ཏུ་དབང་ལུང་གཉིས་ཀ་ལྷན་དུ་ཐོབ་ངེས་ཡིན། གཏེར་ཆེན་བླ་མས་ལུང་གི་ཟིན་པ། མ་ཟད་གཏེར་ཆེན་བླ་མའི་དངོས་སློབ་དཔལ་ཡུལ་མཆོག་སྤྲུལ་དབང་ཆེན་དགྱེས་པའི་རྡོ་རྗེ་ནས་འདི་ལྟར་དུ་སྤྲིངས། ཀུན་གྱིས་གོ་བར་བགྱིས་ཤིག བོད་ཟླ་ ༧ ཚེས་ ༢༢ པའི་སྔ་དྲོའི་ཆར་ཐཻ་ཙོང་རང་ཁྱིམ་བདེ་ཆེན་འབར་བ་ནས།

༈ གནོད་སྦྱིན་བཙན་རྒོད་འབར་བའི་གསོལ་མཆོད་ནི།

ཀྱེ། པདྨ་དབང་གི་བཀའ་སྡོད་ཆེ། །
བཙན་རྒོད་འབར་བ་མཆེད་བདུན་པོ། །
དྲེགས་པ་སྡེ་བརྒྱད་ཚོགས་དང་བཅས། །
མ་ཐོགས་མྱུར་དུ་ད་ཚུར་གཤེགས། །
དམར་ཆེན་གཏོར་མ་སྨན་རག་བཅུད། །
དགྲ་བོའི་ཤ་ཁྲག་རྐང་རུས་ཀླད། །
དཔའ་སྐྱེམས་ལོངས་སྤྱོད་བསམ་མི་ཁྱབ། །
མཁའ་དབྱིངས་གང་བའི་མཐུན་རྫས་ཀྱིས། །
གསོལ་ལོ་མཆོད་དོ་དགྱེས་པར་རོལ། །
ཐུགས་དམ་བསྐང་ལ་ཉམས་ཆག་བཤགས། །
བསྟན་དགྲའི་ཤན་པར་མངའ་གསོལ་ལོ། །
སྔོན་གྱི་ཐ་ཚིག་ཇི་བཞིན་ཏུ། །
རྣལ་འབྱོར་ལས་དང་གྲིབ་ལྟར་འགྲོགས། །
འགལ་རྐྱེན་གནོད་པའི་རིགས་རྣམས་སོལ། །
མཐུན་རྐྱེན་བསམ་རྒུ་ཡིད་བཞིན་སྒྲུབས། །
རྟག་ཏུ་གདོང་གྲོགས་མེལ་ཚེ་མཛོད། །
ཁྱད་པར་ཡིད་ལ་བརྣག་པའི་དོན། །
གསང་ཆེན་བསྟན་དང་བསྟན་འཛིན་ལ། །
ལོག་པར་འཁུ་བའི་བདུད་དགྲའི་རིགས། །
གང་ཡིན་ཁྱེད་རྣམས་ཟས་སྐལ་དུ། །
གཏད་པ་ཡིན་ནོ་ཤོར་ར་རེ། །
སྐད་ཅིག་ཉིད་ལ་རྔམས་ཟས་ཀྱིས། །
ངེས་གསང་སྙིང་པོའི་རིང་ལུགས་ཀྱི། །
མངའ་ཐང་ཡོན་ཏན་དགུང་དུ་སྤོར། །
ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར། །
མ་གཡེལ་མ་འགྱངས་ས་མ་ཡ། །

ཞེས་པ་འང་ཉིང་འཁྲུལ་དུ་མི་དམར་བརྗིད་ཅན་ཁ་ཤས་བྱུང་ནས་ངེད་ཚོ་དཀའ་ལས་ཆེ་ཤོས་རྒྱག་མཁན་ཡིན་ཀྱང་ཅུང་སྣང་ཆུང་གནང་གི་མེད་དམ་ཞེས་མ་རངས་བའི་གཏམ་ཟུར་སྒྲ་བ་ཞིག་རྨིས་པས་དེ་འཕྲལ་འདི་ཉིད་བྲིས་ཏེ་བསྐང་གསོལ་བཏང་བས་ངོ་སོ་ཐོན་པའི་སྣང་བ་འང་བྱུང་ཞེས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །

ཀ་མ་ལ་ཡི་འཛུམ་མདངས་འོད་འཕྲོ་བ།

Karmachen_Choktrul
ཀ་མ་ལ་ཡི་འཛུམ་མདངས་འོད་འཕྲོ་བ། །
ཁ་བའི་ལྗོངས་སུ་རྒྱལ་བ་དཔལ་ཡུལ་བས། །
ག་ནས་བལྟས་ཀྱང་འདུལ་འཛིན་ཁྱེད་འདྲ་བ། །
ང་ཡི་ད་ལྟ་བར་དུ་མཐོང་མ་བྱུང་། །

ཅ་ཅོ་ངག་འཆལ་གཏམ་ལ་མི་དགྱེས་ཤིང་། །
ཆ་ལུགས་ཞི་དུལ་ངང་ནས་སྐུ་ཚེ་འདའ། །
ཇ་དང་ཚིག་ཇ་མཆོད་ལ་ཤིན་ཏུ་མཉེས། །
ཉ་འཁྱུག་བཞིན་དུ་འཁོར་བའི་སྐྱོན་དང་བྲལ། །

ཏ་ཐ་ག་ཏའི་གཞུང་དོན་ཇི་བཞིན་བརྙེས། །
ཐ་མལ་མི་རྣམས་དད་པའི་ས་བོན་ཐེབས། །
ད་ལོ་ན་ནིང་ཁྱེད་ཀྱིས་ཡོན་ཏན་རྣམས། །
ན་རེ་ནུ་རེ་ཀུན་གྱི་མངོན་སུམ་མཇལ། །

པ་ར་མི་ཏའི་དགོངས་དོན་རྫོགས་ཆེན་ཆོས། །
ཕ་རྒན་གྲུབ་དབང་བླ་མའི་མདུན་ནས་ཐོབ། །
བ་སོགས་འགྲོ་དྲུག་ཀུན་ལ་བརྩེ་བས་བསྐྱངས། །
མ་ལུས་ལུས་པ་མེད་ཀུན་སྡུག་ལས་ཐར། །

ཙ་ཀྲ་སྡེ་སྣོད་གསུམ་གྱི་བསྟན་པ་ལ། །
ཚ་གྲང་ཁྱད་དུ་བསད་ནས་བསྟན་དོན་མཛད། །
ཛ་ལེར་ཆོས་ཀྱི་རྒྱལ་པོར་སྐུར་བཞེངས་ཚེ། །
ཝ་སོགས་ལོག་སྨྲ་ཚོགས་རྣམས་ཟིལ་གྱིས་གནོན། །

ཞྭ་མོ་དབུ་རྒྱན་པད་ཞུ་དབུ་ལ་མཛེས། །
ཟ་ཧོར་སྲས་ཀྱི་རྒྱལ་ཚབ་ཁྱོད་ཉིད་ཞེས། །
འ་འུར་ཙམ་མིན་གཏེར་ཆེན་བདུད་འཇོམས་ཀྱིས། །
ཡ་ཆུང་སྙིང་གི་ལུང་བསྟན་ཁྱེད་ལ་གནངས། །

ར་བ་གངས་ཀྱི་བསྐོར་བའི་ཞིང་ཁམས་དང་། །
ལ་ལུང་མང་པོ་ཆོད་པའི་མཆོག་སྤྲུལ་ངས། །
ཤ་ཚའི་ཀ་རྩོམ་ཡི་གེར་བཀོད་པ་འདི། །
ས་གསུམ་འགྲོ་བའི་མིག་གིས་ལྟད་མོར་མཛེས། །

ཧ་ཧ་སྒྲ་ཡིས་ཁྱེད་ཀྱི་འཁྲུངས་སྐར་ལ། །
ཨ་ལགས་ཚེ་མིང་འཛིན་པས་ཕྱག་བཅས་ཕུལ། །

རྡོ་རྗེ་མཆེད་གྲོགས་དམ་པ་སྐྱབས་རྗེ་རིན་པོ་ཆེ་སྐུའི་འཁྲུངས་སྐར་ལ། སྨྱུག་མིང་འཛིན་པ་མཚོ་བྱུང་ལྷ་མོ་སྙིང་འཕྲོག་པས། སྤྱི་ལོ་ 2026 ཟླ་ 8 ཚེས་ 28 ལ། མོ་ཊ་ནང་དུ་འགྲོ་ཞོར་ལ་སྨྲས་མཆོག་རྡོ་རྗེའི་ཡིག་གེར་ཕབ། མཆོག་ཡེ་ཤེས་ཀྱིས་དག་བཅོས་བྱས་པ་དགེ །

གང་ཤར་འཛིན་མེད་ཀྱི་མགུར་མ།

Choktrul20260810

གང་ཤར་འཛིན་མེད་ཀྱི་མགུར་མ།

སེམས་ཀྱི་སེམས་ལ་བལྟས་པས། །
ཅི་ཡང་མཐོང་བ་མེད་པ། །
ཆོས་སྐུའི་རང་ཞལ་མཇལ་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

དེ་ཡི་ངང་ལ་བཞག་ཀྱང་། །
བཞག་བྱ་བཞག་ཡུལ་མི་འདུག །
སྒོམ་མེད་རྫོགས་ཆེན་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

སྤྱོད་པ་གཞན་དོན་བྱེད་ཀྱང་། །
རང་གཞན་གཉིས་འཛིན་ཞིག་སོང་། །
དོན་གཉིས་འབད་མེད་གྲུབ་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

སྡེ་གསུམ་ཀློང་དགུའི་མན་ངག །
སྙིང་གི་དཀྱིལ་ནས་བརྡོལ་སོང་། །
ལུང་ལས་མ་བྱུང་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

གཉིས་འཛིན་འཁྲུལ་བའི་བག་ཆགས། །
གཞི་མེད་ཀློང་དུ་སངས་རྒྱས། །
སེམས་ལས་མ་བྱུང་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

གཞི་གནས་ཡེ་ཤེས་ཆེན་པོ། །
རང་དང་འབྲལ་མ་མྱོང་བ། །
རྒྱུ་ལས་མ་བྱུང་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

ད་ནི་མཆོག་སྤྲུལ་སྨྱོན་པ། །
ཅི་བདེར་འཚོ་བ་རོལ་འདི། །
རྫོགས་ཆེན་ཉམས་ལེན་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

ཁང་སར་རྒད་པོའི་བཀའ་བཞིན། །
རྙིང་མའི་ཁྲི་འདི་འཛིན་པ། །
བསྟན་པའི་ཞབས་ཏོག་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

ཚེ་ཡི་ལྷག་མ་ཅི་ཡོད། །
སྐྱིད་པོའི་ངང་དུ་ཉལ་འདུག །
མི་ཚེ་དོན་ལྡན་ཡིན་སྙམ། །
བླ་མའི་དྲིན་ཞིག་ཡིན་འགྲོ། །

ཞེས་པ་འདིའང་ཤང་ཀང་ནས་གཟུགས་པོ་བཀྲུ་བཞིན་དུ་སྨྲས་པ་སློབ་དཔོན་ཉི་མ་ཚེ་རིང་ངམ་མཆོག་རྡོ་རྗེ་ནས་སྤྱི་ལོ། 2026 ཟླ་ 8 ཚེས་ 10 ལ་འཕྲུལ་དུ་བཏབ།

༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་པའི་ཞབས་བརྟན་གསོལ་འདེབས་འགགས་མེད་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

Mipham Rinpoche

༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་པའི་ཞབས་བརྟན་གསོལ་འདེབས་འགགས་མེད་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

མཁྱེན་པའི་རྩལ་རྫོགས་རྗེ་བཙུན་འཇམ་པའི་དབྱངས། །
བརྩེ་བའི་མངའ་བདག་ལྷ་གཅིག་མིག་མི་འཛུམ། །
མཐུ་སྟོབས་ནུས་པའི་བདག་པོ་རྡོ་རྗེ་འཛིན། །
རིགས་གསུམ་མགོན་གྱིས་བསླུ་མེད་ཤིས་པ་སྩོལ། །

རྒྱལ་བསྟན་སྤྱི་དང་བྲེ་བྲག་ས་སྐྱ་པའི། །
བསྟན་པའི་མངའ་བདག་རྗེ་བཙུན་འགྲོ་བའི་མགོན། །
མཚུངས་མེད་བླ་མ་བསམ་འཕེལ་དབང་གི་རྒྱལ། །
སྐུ་ཚེ་མི་ཤིགས་རྡོ་རྗེར་ཞབས་བརྟན་གསོལ། །

ཁྱད་པར་གསང་སྔགས་ལམ་དང་འབྲས་བུ་བཅས། །
ཟབ་ལམ་མན་ངག་ཀུན་གྱི་མཛོད་འཆང་པ། །
ཡིད་བཞིན་ནོར་ལྟར་བསམ་འཕེལ་དབང་གི་རྒྱལ། །
སྐུ་ཚེ་མི་ཤིགས་རྡོ་རྗེར་ཞབས་བརྟན་གསོལ། །

མ་གྱུར་འགྲོ་བ་ལམ་གོལ་དམན་པའི་སར། །
མི་གཏོང་བརྩེ་ཆེན་ཐུགས་རྗེ་ཞགས་པས་འཆིང་། །
སྐྱེ་དགུ་འགྲོ་བའི་གཉེན་གཅིག་ཆོས་ཀྱི་རྗེ། །
སྐུ་ཚེ་མི་ཤིགས་རྡོ་རྗེར་ཞབས་བརྟན་གསོལ། །

འདི་ལྟར་རྣམ་དག་སྨོན་ལམ་བཟང་པོའི་མཐུས། །
སྐྱབས་མཆོག་གོང་མའི་སྐུ་ཚེ་རབ་བརྟན་ཞིང་། །
མཐའ་ཡས་མཛད་པ་མི་ནུབ་སྲིད་མཐའི་བར། །
ཁྱབ་ནས་གདུལ་བྱའི་སེམས་ཅན་དབུགས་དབྱུང་ཤོག །

ཚེ་ལ་དབང་བའི་ཚེ་དཔག་མེད་མགོན་དང་། །
ཚེ་ཡི་ལྷ་མོ་ཚེ་འཛིན་རྣམ་རྒྱལ་མ། །
ཚེ་རབས་ཀུན་ཏུ་ཚེ་སྲུང་འཕགས་མའི་ཞབས། །
རྣམ་གསུམ་ཕྲིན་ལས་མ་ལྷོད་ད་ཕྱུངས་ཤིག །

འཛམ་གླིང་གོ་ལ་ཟླུམ་པོའི་ཡང་སྟེང་གི་སྔགས་འཆང་རྡོ་རྗེ་འཛིན་པ་ཡོངས་ཀྱི་གཙུག་རྒྱན་གཅིག་པུ་ཁྱབ་བདག་འཁོར་ལོའི་མགོན་པོ། ༧སྐྱབས་མགོན་ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་སྙིང་ནས་མི་ཕྱེད་པའི་དད་པ་ཐོབ་པ། སྔ་འགྱུར་རྙིང་མའི་ཁྲི་འཛིན་བརྒྱད་པ་དཔལ་ཡུལ་མཆོག་སྤྲུལ་འཇིགས་མེད་བློ་གྲོས་སེང་གེ་པད་མ་རྒྱལ་མཚན་ནམ་མིང་གཞན་ཚེ་རིང་ཕུན་ཚོགས་སུ་འབོད་པ་དེས་གུས་ཕྱག་དང་བཅས་ཕུལ་བ་དོན་ལྡན་དུ་གྱུར་ཅིག། །། སྤྱི་ལོ་༢༠༢༦ ཟླ་བ་༦ ཚེས་༡༨ ཉིན།

འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལ་བསྟོད་པ་ཚངས་སྲས་སྒེག་མོའི་གླུ་དབྱངས་བཞུགས་སོ།།

Mipham Rinpoche

༄༅། །འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལ་བསྟོད་པ་ཚངས་སྲས་སྒེག་མོའི་གླུ་དབྱངས་བཞུགས་སོ།།

དྷཱིཿ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་མཆོག །
སྔ་འགྱུར་བཀའ་གཏེར་བསྟན་པའི་སྲོག་འཛིན་མཁས། །
འཆད་རྩོད་རྩོམ་པས་ལྟ་ངན་འཇོམས་མཛད་པ། །
སྨྲ་བའི་སེང་གེ་མི་ཕམ་ལ་ཕྱད་འཚལ། །

ཚོགས་གཉིས་ཡེ་ཤེས་རྒྱ་མཚོ’འོ་རླབས་ཆེན་པོ། །
ཡོངས་བསྲུབས་ལས་འཁྲུངས་འོད་དཀར་མཚན་དཔེའི་སྐུ། །
འགྲོ་ཀུན་མགྲིན་སྔོན་གཙུག་གི་རྒྱན་གྱུར་པ། །
མི་ཕམ་ཆོས་རྗེ་གངས་ལྗོངས་དཔལ་དུ་ཤར། །

གང་གི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར། །
ལྷ་ལམ་ཇི་བཞིན་ཟད་མཐའ་མི་མངོན་ཡང་། །
བདག་བློ་ལྷག་བསམ་དཀར་བ་མེ་ཏོག་ཆུན། །
དད་ལྡན་མཛའ་ནའི་མགྲིན་པར་མཛེས་ཕྱིར་སྤེལ། །

རྒྱལ་བ་ཀུན་གྱི་གསང་གསུམ་མཁྱེན་པའི་དཔལ། །
གཅིག་འདུས་མཁྱེན་བརྩེ་ནུས་པའི་དབང་པོ་རུ། །
སྐུར་བཞེངས་དམར་སེར་ཐིག་ལེའི་རོལ་གར་ནི། །
འཇམ་དཔལ་ཟུར་ཕུད་ལྔ་པ་ཉིད་དུ་ངེས། །

གང་དེ་ཆུ་ཟླའི་སྣོད་དུ་ཟླ་གཟུགས་བཞིན། །
ཉིད་ལས་ཐ་དད་མེད་པ་སྤྲུལ་པའི་གར། །
གངས་ལྗོངས་འཛིན་མིའི་ཁྱོན་འདིར་འཕོས་པ་ན། །
ནོར་འཛིན་སྒེག་མོས་མ་ཐེག་ཡང་ཡང་གཡོས། །

ཐུན་མོང་ཞིང་གི་གདུལ་བྱའི་སྣང་ངོ་ལྟར། །
སྐྱེ་སོགས་བྲལ་ཡང་སྐྱེ་བ་ལྟར་བསྟན་ནས། །
ཡབ་ཡུམ་ཚོ་འབྲང་སྐལ་ལྡན་དང་འཚམས་པར། །
ངོ་མཚར་སྤྲུལ་པའི་ཁྱེའུའི་ཟློས་གར་བསྒྱུར། །

འགྲོ་ཀུན་ཐེ་ཚོམ་སྨག་རུམ་བསལ་བྱའི་ཕྱིར། །
བསམ་བརྗོད་ཡུལ་ལས་འདུས་པའི་ངོ་མཚར་རྟགས། །
འདྲེན་བྱེད་ཟུང་གི་དགའ་སྟོན་ཐུན་མོང་དུ། །
སྟོན་པའི་ངོ་མཚར་ད་དུང་སྲིད་འདིར་གླེང་། །

ཀུན་མཁྱེན་རྒྱུ་འབྲས་བདེན་པ་གསལ་སླད་དུ། །
ཀློག་དང་འབྲི་སོགས་བསྟེན་འོས་གང་དང་གང་། །
བརྡ་ཙམ་མཐོང་བས་ཇི་བཞིན་ཁོང་ཆུད་ཕྱིར། །
གཞན་ལས་འཕགས་ཞེས་བསྟོད་པའི་གླུ་དབྱངས་འཁྲུལ། །

ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་སུ། །
གཟིགས་ཏེ་བརྟེན་མཁས་ཡོན་ཏན་རྫོགས་མཛད་པའི། །
ཤིང་རྟའི་སྲོལ་འབྱེད་མཁན་ཆེན་ཞི་བ་འཚོའི། །
རྣམ་ཐར་ཅོད་པཎ་འཆང་བ་ཁྱོད་ཉིད་ཙམ། །

འཇམ་དཔལ་སྨྲ་སེང་སྒྲུབ་པས་དེ་ཉིད་དུ། །
རྟགས་དང་ངོ་མཚར་ཁྱད་པར་ཅན་བརྙེས་ཏེ། །
མདོ་སྔགས་རིག་གནས་བཅས་པའི་གཞུང་གང་ལ། །
བཤད་ལུས་ཙམ་གྱིས་མཁས་པའི་ཕུལ་དུ་ཕྱིན། །

ཚེ་རབས་རིགས་ཀྱི་བདག་པོ་མདོ་སྔགས་གླིང་། །
འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞབས་པད་མོར། །
མཉེས་པ་གསུམ་གྱི་བརྩོན་པས་ལེགས་མཉེས་ཤིང་། །
གང་གི་ཐུགས་སྲས་ཆོས་ཀྱི་བདག་པོར་གྱུར། །

ངག་དབང་ཟུར་ཕུད་དབྱངས་ཅན་དགའ་མས་བསླུས། །
དེ་སླད་ལྗོངས་འདིར་བསྟན་པ་སྤེལ་ཕྱིར་དུ། །
ཉིད་ལས་ལྷག་ཆས་གསུང་གིས་དབུགས་དབྱུང་དང་། །
ལྷན་དུ་ཆོས་ཀྱི་ལྡེའུ་མིག་ཁྱོད་ལ་བྲིན། །

མཚོ་བྱུང་མགྲིན་པར་ཞུགས་པའི་མཐུ་བརྙེས་ནས། །
སྙན་འགྱུར་གང་དེའི་ལེགས་བཤད་ཚིག་རེས་ཀྱང་། །
སྒྲ་འཛིན་རབ་དགའི་དཔལ་ལ་སྦྱོར་བ་དང་། །
སློབ་དཔོན་དཔའ་བོར་སྐྱེངས་པའི་རྟུལ་ཞུགས་སྦྱིན། །

ཡིད་འཕྲོག་ཚིགས་སུ་བཅད་པའི་སྙན་འགྱུར་འབུམ། །
སྡེབ་སྦྱོར་རྒྱུད་མང་འཁྲུལ་བའི་སོར་མོའི་རྩེར། །
དཔྱད་གསུམ་དྲི་ཟའི་གླུ་དབྱངས་ལེན་པ་ན། །
གངས་ཅན་མཁས་དགུའི་དྲེགས་པ་ཕལ་ཆེར་ཞིག། །

ཚུལ་གསུམ་རྟགས་ཀྱི་ཞོ་འཐུང་རྡོ་རྗེའི་མཐུས། །
ཕས་རྒོལ་ལོག་སྨྲའི་ལྟ་མིན་གཞོན་པ་དང་། །
ལྷན་ཅིག་འཆི་མེད་ཐུབ་བསྟན་ཕོ་བྲང་དེར། །
ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྒྱལ་རྔ་ལྡིར། །

ཟབ་དང་རྒྱ་ཚེའི་གཏིང་དཔག་དགའ་བའི་གནད། །
ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས། །
ལྗགས་ཀྱང་རྡུགས་ནས་འཆད་ལ་ངལ་གྱུར་ཚེ། །
གང་ཁྱོད་ཞིང་འདིར་རྒྱལ་བགཉིས་པར་བཞེངས། །

ལྷག་པའི་ལྷ་མང་སྒྲུབ་ལ་པ་བཞོལ་བའི་ཚེ། །
འཇམ་དཔལ་གཞོན་ནུ་དགྱེས་པའི་ཆུ་འཛིན་ལས། །
ཤིས་པའི་སྦྲང་ཆར་སིམ་དུ་བསྙིལ་བ་དང། །
སྨྲ་བའི་སེང་གེ་ཁྱོད་ཉིད་གཅིག་ཅེས་བྱིན། །

ལྗོངས་འདིར་བསྟན་འཛིན་ཕལ་ཆེར་ཞི་བར་གཟིམས། །
དེ་ཕྱིར་ཐུབ་བསྟན་ཡལ་དུ་ཉེ་བ་ན། །
མགོན་དེའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་པའི་། །
བྱ་བ་ལས་ཀྱི་ཉིན་བྱེད་ཕྱོགས་བརྒྱར་འབར། །

ཐུན་མོངས་ཐུན་མིན་གཞུང་ལུགས་མཛོད་ཀྱི་རྒྱ། །
ཁྱོད་ཐུགས་སྤོབས་པའི་གཏེར་གྱིས་སྒྲོལ་བའི་ཚེ། །
འཕགས་ཡུལ་སངས་རྒྱས་གཉིས་པ་གྲགས་དེ་ཡང། །
རྫུན་ཞེས་འཇམ་གླིང་མཁས་རྣམས་བཞད་མོས་བྲེལ། །

ཚུལ་ཁྲིམས་འདུལ་བའི་གནང་བཀགས་ཕྲ་མོ་ཡང་། །
སྲོག་དང་མིག་བཞིན་སྲུང་སྡོམ་ལ་བརྩོན་པས། །
འཕགས་ཡུལ་འདུལ་འཛིན་ཉེ་བར་འཁོར་མཆོག་དང་། །
ཐ་དད་འབྱེད་པའི་ཀུན་རྟོགས་རིང་དུ་བྲོས། །

མར་གྱུར་ལུས་ཅན་འགྲོ་ཀུན་གཏན་བདེ་རུ། །
དམིགས་ནས་རྫོགས་བྱང་དོན་གཉེར་བྱང་ཆུབ་སེམས། །
སྐྱེད་བཞིན་གཞན་དོན་ཁོ་ནར་གཉེར་བ་ལས། །
རང་དོན་ཆགས་སེམས་སྐད་ཅིག་ཙམ་ཡང་དབེན། །

ཁྱོད་ཐུགས་སྐྱེས་སྟོབས་ཤེས་རབ་བཞིན་བཟང་པོར། །
སྦྱོར་བྱུང་ཐོས་བསམ་སྒོམ་པའི་རྒྱན་སྤྲོས་ཚེ། །
འཆད་རྩོད་ལུས་ཕྲའི་ཟུར་མིག་དབང་མེད་དུ། །
གཡོས་ཚེ་མཁས་དབང་ཕལ་ཞིག་རེ་སྟོང་གྱུར། །

གསལ་བརྟན་ཚད་དུ་རྫོགས་པའི་བསྐྱེད་རིམ་གྱིས། །
སྣང་གྲགས་རིགས་པ་ལྷ་སྔགས་ཆོས་ཉིད་དུ། །
རྟོགས་ནས་ཆོས་ཉིད་འོད་གསལ་ངང་ཐིམ་པས། །
སྐུ་ཡི་གཟུགས་ལ་གྲིབ་མའི་སྒྲིབ་པ་དབེན། །

ཆོས་ཉིད་བརྗོད་འདས་སྒྲིབ་བྲལ་གདོད་མའི་མཁར། །
ཆོས་ཟད་བློ་འདས་རིག་དང་འཇའ་ཚོན་བཀྲ། །
གཟིགས་སྟང་གསུམ་གྱི་བསྣུན་པས་གདོད་མའི་ཞལ། །
རང་རིག་མཇལ་ལ་ཕྱི་ནང་ཟ་འོག་ཙམ། །

སྡེ་གསུམ་ཀློང་དགུའི་ཤིང་རྟ་ཁྱོད་ཉིད་ཅེས། །
སྟོན་འདོད་མེད་ཀྱང་རྣམ་དཔྱོད་ཨཱ་དར་ཤ། །
གནས་ལུགས་གཟུགས་བརྙན་འབུམ་དུ་འཆར་བ་ན། །
རྟེན་འབྲེལ་རྒྱ་འབྲས་བདེན་པ་སུ་ཡིས་འགོག །

མགོན་པོ་གང་གི་བཀའ་དྲིན་ལ་བརྟེན་ནས། །
ཀཿདཔལ་ཞེ་རྫོགས་སྨིན་རྡོར་གཙོས་བྱས་པའི། །
རིས་མེད་ཕྱོགས་བརྒྱར་མཁས་གྲུབ་སློབ་བུའི་ཚོགས། །
ས་སྟེང་གང་བར་མཛད་པའི་ངོ་མཚར་རྨད། །

དེ་མཐུས་འཛམ་གླིང་ཡངས་པའི་ཁྱོན་འདི་ན། །
སྔ་འགྱུར་བཤད་སྒྲུབ་བསྟན་པ་མུ་མེད་དུ། །
འཆད་ཉན་སྒོམ་སྒྲུབ་བགྱིས་པའི་སྐལ་བཟང་འདིར། །
ཁྱོད་ཉིད་མཐུ་ལས་གཞན་གྱིས་ཅང་མ་ཡིན། །

མང་མང་མཁས་པའི་དབུས་སུ་སེང་གེའི་སྒྲ། །
ཡང་ཡང་སྒྲོགས་པའི་སྤོབས་པའི་ཀློང་ཆེན་པོ། །
མཁས་མཁས་མང་ཡང་སྲིད་འདིར་ཁྱོད་ཙམ་ལས། །
དུང་དུང་མེད་པའི་ངེས་པ་ཁོང་ནས་བརྙེས། །

རེ་ཞིག་རྟག་འཛིན་བློ་ངོར་བསྐུལ་བ་དང་། །
ལྗོངས་འདིའི་བསོད་ནམས་ཕུང་པོ་དམན་སྟབས་ཀྱིས། །
རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། །
ཆོས་ཀྱི་དབྱིངས་ལ་དགྱེས་པའི་དགོངས་པ་གཏད། །

དེ་ཚེ་འཇིག་རྟེན་དྲུག་ཏུ་གཡོས་པ་དང་། །
འོད་་ཟེར་སྒྲ་འབྱོན་འུར་དང་རབ་ཏུ་འོར། །
དེ་སོགས་སྟོན་པ་མངོན་སངས་རྒྱས་ཇི་བཞིན། །
བསིལ་ལྗོངས་ཆོས་ཚིགས་ཡུལ་གྱི་ངོ་མཚར་ངོམ། །

སྣང་བཞི་ཟད་སར་ཕྱིན་པའི་མངོན་རྟགས་སུ། །
གདུང་ལྔ་རིང་བསྲེལ་ངོ་མཚར་འཇའ་སྤྲིན་སོགས། །
དད་ལྡན་ཡོངས་ཀྱིས་བསོད་ནམས་གསོག་རྟེན་དུ། །
རིན་ཆེན་དབང་རྒྱལ་ད་དུང་སྲིད་འདིར་བཞུགས། །

དེ་སོགས་གང་གི་རྣམ་པར་ཐར་པ་ལ། །
བསྟོད་སྨད་ཚིག་གི་སྤྲོས་པ་དབེན་ན་ཡང་། །
བདག་བློ་དད་པའི་བདུད་རྩིས་རབ་མྱོས་ནས། །
གང་དྲན་ཚིག་གསུམ་ཤོར་བ་མཐོལ་ལོ་བཤགས། །

བདག་ཀྱང་མགོན་པོ་གང་དེའི་ཐུགས་རྗེའི་འོག །
དཔྱང་ཐག་ནམ་ཡང་ལྷོད་པ་མེད་པའི་ངང་། །
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་པའི། །
བདག་གི་སྨོན་ལམ་མཁའ་དབྱིངས་སྒེག་མོས་འཆིང་། །

བདག་འདྲ་ཡོན་ཏན་ན་ཚོད་ཕྲ་ན་ཡང་། །
འཇམ་མགོན་བླ་མ་དགྱེས་པའི་ཞལ་གྱི་ཆབ། །
སྙིང་གའི་དབུས་སུ་ཟིམ་པའི་སྙེམས་པ་འདི། །
མ་བཟོད་དབང་མེད་གང་དྲན་རེ་ཁར་མཛེས། །

ཞེས་པ་འདིའང་མཁན་པོ་རིག་འཛིན་དང་སློབ་དཔོན་པདྨ་རྒྱལ་མཚན་མཆོག་ནས་ལྷ་རེག་དར་ཨ་ཤེ་བཅས་བསྐུལ་ངོར་བོད་རྒྱལ་ལོ་༢༡༡༧ས་ཟླའི་དམྲ་ཕྱོགས་སྟོང་པ་གསུམ་པ། སྤྱི་ལོ་ ༡༩༩༠ ལོར་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་པས་གློ་བུར་དུ་ཚོགས་གྲལ་དུ་བྲིས་པ་དགེའོ།། །།