བླ་མེད་བླ་མ་ཁང་སར་རྒད་པོ། །
ཡང་ཡང་དྲན་བཞིན་གསོལ་བ་འདེབས་ན། །
དགྱེས་པའི་བུ་ལ་ཐུགས་རྗེ་གཟིགས་བཞིན། །
སྒོ་གསུམ་འཁྲུལ་བའི་ལམ་དུ་མ་བཏང་། །
རང་ལ་བླ་མའི་འདུ་ཤེས་བཞག་མཁན། །
སློབ་བུ་གསར་པ་མཆོག་གི་ཡེ་ཤེས། །
རྣ་བའི་དབང་པོ་བདག་ལ་གཏོད་དང་། །
སྙིང་གཏམ་གང་དྲན་ཡི་གེར་བཀོད་དོ། །
ཆུང་ངུས་དུས་ན་གྲྭ་སྒོར་བཞུགས་ཤིང་། །
དགོན་པར་གནས་ཞིང་བཤད་གྲྭར་བསླབ་སྦྱངས། །
སྡོམ་པ་ཞུས་ཤིང་སེར་གཟུགས་འཆང་བར། །
སྙིང་ནས་ཡི་རངས་ཤིས་བརྗོད་ཞུ་འོང་། །
ཆོས་ལམ་བསྙེགས་ན་ཆོས་བཞིན་སྤྱོད་དགོས། །
ཐོས་བསམ་སྒོམ་སྒྲུབ་གང་ཞིག་བྱེད་ཀྱང་། །
བསྟན་པ་སེམས་ཅན་དོན་ཡིན་བསམ་པའི། །
ཀུན་སློང་ཅིས་ཀྱང་ངེས་པར་བཅོས་དགོས། །
ཐོས་པའི་སྐབས་སུ་གཞུང་གི་ཚིག་དོན། །
ངེས་པར་སྦྱང་ཞིང་སྐབས་དོན་གང་ལ། །
ཞིབ་ཆ་ཐོན་པ་སེམས་ལ་འཇོག་དགོས། །
ཐོས་ཐོས་མང་པོ་ཅི་ཡང་མི་ཕན། །
བསམ་པའི་དུས་སུ་རང་ལུགས་དྲི་མེད། །
གཞན་ཟེར་ཀུན་ལ་བསམ་གཞིག་མེད་པར། །
བསྒྲུབ་བྱའི་དོན་ལ་སྒྲུབ་བྱེད་ཚད་མས། །
འཇལ་བའི་སྐབས་སུ་ངེས་ཤེས་སྐྱེས་དགོས། །
སྒོམ་པའི་དུས་སུ་ངེས་ངེས་ཤེས་ཤེས། །
ཡིད་དཔྱོད་བློ་ཡིས་འཁྲུལ་ཉེན་ཆེ་བས། །
རྣམ་རྟོག་ཚུབ་མ་ཉུང་དུ་བཅུག་ལ། །
དྲན་རྒྱུ་མ་མང་རང་ཚུགས་ཟིན་དགོས། །
ཆོས་ཉིད་གནས་ལུགས་རིག་པའི་རང་ཞལ། །
རང་ཤར་རང་གྲོལ་ཤིན་ཏུ་དཀའ་བས། །
ཁ་ཕོ་མ་ཆེ་སྔོན་འགྲོའི་གཞི་སྟེང་། །
རིམ་གྱིས་ལམ་ལ་ཞུགས་པ་གལ་ཆེ། །
མདོར་ན་དུས་དང་རྣམ་པ་ཀུན་ཏུ། །
རང་རྒྱུད་རང་གིས་ལེགས་པར་བརྟག་ལ། །
དྲན་དང་ཤེས་བཞིན་འབྲལ་བ་མེད་པར། །
ཆོས་མཐུན་བྱ་བ་ཅི་ནུས་སྒྲུབས་མཛོད། །
དེ་ལྟར་མཛད་ན་ཆོས་འཇིག་གང་ཐད། །
ཕ་མའི་དྲིན་འཁོར་བླ་མའི་ཐུགས་རྫོགས། །
མི་ལུས་དོན་ལྡན་བདེ་ནས་བདེ་འགྲོར། །
མྱོང་བའི་ཁ་ཏ་སེམས་ལ་བཟུང་རོགས། །
༢༠༢༦ ༡༡ ༤ ཉིན་རང་སློབ་དམ་པ་མཆོག་ཡེ་ཤེས་ཡུལ་དུས་ཀྱི་དབང་གིས་རྒྱུན་དུ་འབྲལ་མེད་དུ་མེད་རུང་ཚིག་འདི་ཡིག་ཐོག་ཏུ་མ་འཇོག་པར་མཛོད་དང་། ང་དང་འབྲལ་མེད་ཡིན་པས་མཆོག་སྨྱོན་ནས་སྐར་ཆ་ལྔ་ཡི་རིང་ལ་ལག་བྲིས་སུ་བྱས་པ་དགེའོ། །
རྒྱ་ཡིག 給秋耶喜的話