རྫོགས་ཆེན་གྱི་ལྟ་བ་ཆོས་ཚུལ་གཞན་ལས་འཕགས་པའི་ཚུལ་ལ་བསྔགས་པའི་མགུར་མ་ཐལ་འབྱིན་རྡོ་རྗེའི་ཞུན་ཆར་ཞེས་བྱ་བ་བཞུགས་སོ།།
ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་ཆེན་མོ།།
མ་གཅིག་སྔགས་ཀྱི་སྲུང་མ་གཉན་པོས།།
ཕྱག་རྫོགས་ལྟ་བའི་ཤན་འབྱེད་བྱེད་ལ།།
རྡོ་རྗེའི་བཀའ་ཡིས་གནང་བ་སྩོལ་མཛོད།།
ལྟ་བ་རྒྱ་ཆད་ཕྱོགས་ལྷུང་བྲལ་བར།།
རྣམ་རྟོག་ཆོས་སྐུའི་རྒྱས་འདེབས་མ་དགོས།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
བསྒོམ་རྒྱུ་རྡུལ་ཕྲན་ཙམ་ཞིག་མེད་ཀྱང་།།
རང་ཚུགས་མ་ཤོར་ས་ལེ་ཧྲིག་གེ།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
སྤྱོད་པ་གང་ཤར་ཆོས་སྐུའི་ཡོ་ལང་།།
མ་བཙལ་འབད་མེད་ལྷུན་གྲུབ་གཞན་དོན།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
འབྲས་བུ་ཡེ་གནས་ཡེ་ཤེས་འོད་གསལ།།
འབྲལ་མ་མྱོང་བ་ཀུན་བཟང་དགོངས་པ།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
ཡེ་གཞི་སྟོང་ཆེན་རྒྱ་མཚོ་ཆེན་པོར།།
ཀུན་གཞི་ཆོས་སྐུའི་ཤན་འབྱེད་ཡོད་པས།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
གཞི་སྣང་མ་འགག་སེམས་ཀྱི་རོལ་བར།།
སེམས་རིག་ཡེ་ཤེས་ཤན་འབྱེད་ཡོད་པས།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
འཁོར་འདས་རོ་མཉམ་བདེ་བ་ཆེན་པོར།།
རྒྱ་དང་གྲོལ་བའི་ཀློང་ཆེན་ཞིག་ཡོད།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
ཕྱག་ཆེན་ལ་མེད་པའི་ཁྱད་ཆོས་ཡོད།།
ཆོས་ཅི་ཡང་མ་གྲུབ་སྟོང་ཉིད་ལ།།
དེ་ཧད་པོར་མ་སོང་དྭངས་སང་ངེ་།།
ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ།།
དབུ་མ་ལ་མེད་པའི་ཁྱད་ཆོས་ཡོད།།
ཕ་དྲིན་ཆེན་གྲུབ་དབང་བླ་མ་ལ།།
ཡིད་མོས་གུས་གསོལ་འདེབས་ལ་རེམ་པས།།
ཆོས་གཡེར་གྲགས་ཆེ་བའི་རྫོགས་ཆེན་དོན།།
ང་འགྲོ་ཞོར་འདུག་ཞོར་དུ་ངག་ནས་ཐལ།།
དེང་སང་གི་དུས་འདི་ན་བཀའ་བརྒྱུད་པའི་བླ་ཆེན་ཁག་ཅིག་དང་། རང་རེ་རྙིང་མའི་ཁྲོད་འདི་ནའང་མི་ཉུང་བ་ཞིག་གིས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་སྒོམ་གཅིག་པ་ཡིན་ཟེར་བ་དང་། རྫོགས་ཆེན་འཆད་སྐབས་ཕྱག་ཆེན་གྱི་ཐ་སྙད་མང་པོ་ཞིག་ཁུར་འོང་བ་དང་། དེ་དག་ཕན་ཚུན་ཉ་དང་ཉུང་མ་བསྲེས་པ་བཞིན་ར་མགོ་ལུག་སྦྱར་མང་ཞིག་བྱས་དང་བྱེད་བཞིན་པ་འདི་ལ། འདི་འདྲ་ཞིག་མི་ཞུ་ཀ་མེད་བྱུང་སོང་བས་དགོངས་འགལ་མེད་པར་ཞུ།
དེའི་ནང་ནས་ཀྱང་རང་རེ་སྔ་འགྱུར་རྙིང་མ་པ་ཚོས་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་གསུམ་རང་རྐང་ཚུགས་པ་ཞིག་གནང་རྒྱུ་མ་འཆུགས། ཁ་དྲོ་ཚེ་རིང་།
སྔ་འགྱུར་རྙིང་མའི་ཁྲི་འཛིན་དཔལ་ཡུལ་པ་ཚེ་རིང་ཕུན་ཚོགས་ཀྱིས་ངག་ཐོག་ནས་སྨྲས་རིམ་བཞིན། རང་སློབ་དམ་པ་མཆོག་རྡོ་རྗེའམ་སློབ་དཔོན་ཉི་མ་ཚེ་རིང་ནས་ཡི་གེར་བཏབ།
སྤྱི་ལོ་ 2026 ཟླ་ 04 ཚེས 21 ཉིན།