རྫོགས་ཆེན་ལྟ་བའི་ཉམས་མགུར་ཁྱུང་ཆེན་གཤོག་རླབས་ཞེས་བྱ་བ་བཞུགས་སོ།།

Choktrul20221117

རྫོགས་ཆེན་ལྟ་བའི་ཉམས་མགུར་ཁྱུང་ཆེན་གཤོག་རླབས་ཞེས་བྱ་བ་བཞུགས་སོ།།

གཡུ་སྒྲ་སྙིང་པོ་མི་ཡི་རྣམ་རོལ་བྱོན་པ།།
ཁྱབ་བདག་འཁོར་ལོའི་མགོན་པོ་ཁང་གསར་རྒད་པོ།།
སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས་དང་།།
ཁྱེད་ཐུགས་དགྱེས་པའི་གླུ་དབྱངས་སྙན་མ་ལན་ནོ།།

ཨ་རེ་ཐོག་མའི་སྤྱི་གཞི་ནམ་མཁའ་ཆེན་མོ།།
འཁྲུལ་གྲོལ་གཉིས་ཀྱི་ཐ་སྙད་མིང་ཙམ་མེད་ཀྱང་།།
འདི་ཡིན་འདི་མིན་ཟེར་བའི་བཤད་ཡམས་མང་པོ།།
བཏང་སྙོམས་ལུང་མ་བསྟན་ལ་བཞག་ས་ཨེ་ཡོད།།

ཀུན་ཁྱབ་ཆོས་སྐུའི་རང་བཞིན་གཡོ་བ་མེད་ཀྱང་།།
གཞི་དབྱིངས་གཞི་སྣང་ཆེན་པོར་རླུང་གིས་གཡོས་ནས།།
ནང་དབྱིངས་ཕྲ་བའི་ཡེ་ཤེས་རྒྱ་དེ་རལ་ཚེ།།
རིག་དང་མ་རིག་ཟེར་བའི་མིང་འདི་བྱུང་ངོ་།།

ཡེ་ཤེས་ཕྲ་བའི་ཕྲབ་ཕྱི་གསལ་ཤར་དུས།།
དང་པོའི་སང་རྒྱས་རང་ངོ་རང་གི་རིག་པ།།
ལྷུན་འགྲུབ་ཡེ་སངས་རྒྱས་པའི་ངོ་མཚར་ཅན་པོ།།
ཡེ་གྲོལ་ཡོངས་གྲོལ་ཡིན་པ་གནད་འདི་མཁྱེན་དགོས།།

ལས་རླུང་དབུ་མར་ཤོར་བའི་བར་ཆད་རྐྱེན་གྱིས།།
རྣམ་རྟོག་གཅིག་རྗེས་གཉིས་མཐུད་བཙན་གྱིས་དེད་ཚེ།།
གཏི་མུག་མུན་པའི་ཀློང་ནས་སྡང་ཆགས་རྨོངས་པས།།
ང་དང་ང་འདྲའི་སེམས་ཅན་མང་པོ་འཁྲུལ་བྱུང་།།

གསེར་ལ་གཡའ་ཡོད་བྱས་པའི་དཔེ་རུ་བཀོད་ནས།།
ཐོག་མའི་གཞི་ལ་མ་རིག་ཡོད་ཅེས་བསྒྲུབ་མཁན།།
དེང་སང་སྔ་འགྱུར་ཁྲོད་ན་མང་པོ་འདུག་སྟེ།།
དེ་ཚོ་དགའ་རབ་རྡོ་རྗེའི་དགོངས་པ་མ་རེད།།

བྱིན་རླབས་དྲོད་དང་ལྡན་པའི་དཔལ་ལྡན་བླ་མའི།།
བསིལ་ཟེར་བདུད་བརྩི་ཟེགས་མ་འཐོར་བ་མེད་ན།།
རྟོག་གེ་མཁན་པོ་མང་པོས་དགག་བསྒྲུབ་མཛད་ཀྱང།།
སྙིང་ལ་བདེ་བ་སྟེར་བའི་སྒོ་སྐབས་མེད་དོ།།

ཆོས་ཀུན་རང་བཞིན་མེད་པའི་ཁོ་ཐག་ཆོད་ན།།
ཡིན་ལ་ཡིན་པར་ཤེས་པའི་ངེས་ཤེས་སྐྱེ་འོང་།།
ཡིན་མིན་འགལ་འདུ་མེད་པའི་དོན་གྱི་གནས་ལུགས།།
སོ་སོར་རང་གི་རིག་ན་མྱོང་རྒྱུ་འདུག་གོ།

ཕྱི་རོལ་ཕར་ལ་བལྟས་པས་སྣང་བ་སྣ་ཚོགས།།
ཡུལ་ལ་གྲུབ་པ་མེད་ཀྱང་ཅི་ཡང་འཆར་གི།
ནང་གི་སེམས་ལ་བལྟས་ཚེ་རྣམ་རྟོག་གང་ཤར།།
ཤར་གྲོལ་དུས་མཉམ་ཡིན་པས་འཁུ་འཁྲིག་མ་ནང་།།

རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཡེ་གྲོལ་རིག་པ།།
འཆར་གཞི་འགག་མེད་གསལ་བའི་སྐུ་དང་ཞིང་ཁམས།།
གཞི་མེད་སྟོང་གཟུགས་ཀློང་ན་ཐུགས་རྗེའི་རོལ་གར།།
ཡིད་བཞིན་ནོར་བུ་ཇི་ལྟར་འབད་མེད་ལྷུན་འགྲབ།།

ཡངས་དོག་མཐོ་དམན་མེད་པའི་འོག་མིན་ཞིང་ན།།
རང་བྱུང་ཡེ་ཤེས་རྒྱལ་པོ་རྟག་ཏུ་བཞུགས་ཤིང་།།
གཞི་དབྱིངས་གྲྭ་ཟུར་མེད་པ་ཐིག་ལེའི་ཀློང་དུ།།
གུ་ཡངས་བློ་བདེ་ངང་ནས་ངལ་གསོ་ཞུ་འོང་།།

དཔླ་ཡུལ་མཆོག་སྤྲུལ་རིན་པོའེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇིགས་མེད་བློ་གྲོས་སེངྒེ་པདྨ་རྒྱལ་མཚན་ནམ་མཆོག་སྤྲུལ་སྨྱོན་པས་སྤྱི་ལོ་༢༠༢༢ཟླ་༡༡ཚེས་༡༧ལ་ཤར་མར་གསུངས། མཆོག་རྡོ་རྗེ་ཡི་གེར་བཏབ། མཆོག་རིག་པ་ནས་དག་བཅོས་བྱས།

གྲྭ་་ཕྲིན་ལས་དབང་རྒྱལ།

རྒྱ་ཡིག   大圓滿見道歌 · 大鵬振翅

Facebook link