ཆང་འདི་ཞབས་ཏག་རྒྱག་གྱིན།།

前世秋竹仁波切

Choktrul20221117

ཆང་འདི་ཞབས་ཏག་རྒྱག་གྱིན།།
སྣ་ཐ་སེན་གང་འཐེན་དུས།།
སེམས་ལ་འཁྲུལ་བ་མེད་ཀྱང་།།
མི་ཁ་མང་པོ་སྡང་གི།

བོད་མོར་གཡས་ནས་འཇུ་ཞིང་།།
རྒྱ་མོ་པང་ལ་བཞག་དུས།།
ང་ལ་འཇིགས་སྐྲག་མེད་ཀྱང་།།
མཐོང་མཁན་སྐྱུགས་མེར་ལང་གི།

གསེར་ཁྲིའི་མཐོན་པོའི་ཐོག་ལ།།
དབང་བསྐུར་ཆོས་བཤད་བྱེད་དུས།།
འཇིག་རྟེན་ཆོས་བརྒྱད་མེད་ཀྱང་།།
འཁྲབ་སྟོན་པ་ཞིག་མཐོང་གི།

ཆང་ཁང་སྐྱིད་པོའི་ནང་ལ།།
ཞབས་བྲོ་ལྡེམས་ལྡེམས་རྒྱག་དུས།།
སེམས་ལ་འཛིན་པ་མེད་ཀྱང་།།
བསྟན་བཤིག་འདྲ་པོ་མཐོང་གི།

མདུང་ཅོག་གྲུ་བཞི་སྟེང་དུ།།
མ་ཅང་ཛི་མོག་བརྒྱབ་དུས།།
ཐོབ་ཤོར་རེ་རྔམས་མེད་ཀྱང་།།
རྐྱལ་སྟོང་འདྲ་པོ་མཐོང་གི།

རྫོགས་ཆེན་གླིང་གི་ནང་དུ།།
གནས་ལུགས་ཇི་བཞིན་བཤད་དུས།།
ཕན་སེམས་མ་གཏོགས་མེད་ཀྱང་།།
ཁ་ཧོབ་ཅན་ཞིག་མཐོང་གི།

གླིང་ཁ་མཛེས་པོའི་ཁྲོད་ལ།།
ཇ་འཐུང་དགོད་སྒྲ་སྡིར་སྡིར།།
གུ་ཡངས་ཅན་ཞིག་ཡིན་ཏེ།།
མདོ་མེད་འདྲ་པོ་མཐོང་གི།

ལྟ་བ་མཐའ་དང་བྲལ་འདུག།
སྒོམ་པ་དགག་བསྒྲུབ་འདས་སོང་།།
སྤྱོད་པ་སྤང་བླང་བྲལ་ཀྱང་།།
རྫུན་མ་འདྲ་པོ་མཐོང་གི།

ལྟ་བྱ་སྟོང་ཉིད་བཅིག་ལ།།
བདེན་བདེན་རྫུན་རྫུན་མཐོང་གི།
གནས་ལུགས་སྐྱོན་ཅན་མིན་ཏེ།།
བལྟ་མཁན་ཁོ་རང་སྐྱོན་རེད།།

གྲུབ་ཆེན་བི་རུ་པ་དང་།།
བོད་ཀྱི་མར་པ་ལོ་ཙ།།
ལོ་རྒྱུས་ཞིབ་ཏུ་ལྟོས་དང་།།
ཆང་མཁན་ཀྱང་ཀྱང་རེད་འདུག།

དཔལ་ཆེན་ས་ར་ཧ་བ།།
གྲུབ་ཐོབ་ཀུ་ཀུ་ར་ཛ།།
གཏམ་རྒྱུད་དེ་ཚོར་གཟིགས་དང་།།
རྒྱོ་མཁན་ཀྱང་ཀྱང་རེད་འདུག།

རང་བྱུང་རིག་པའི་རྡོ་རྗེ།།
རྫོགས་ཆེན་སྤོ་མདའ་མཁན་པོ།།
མཇལ་མཁན་ཚོ་ལ་དྲིས་དང་།།
དུ་འཐེན་ཤ་སྟག་རེད་འདུག།

ཀུན་རྫོབ་འདྲ་བོ་འདྲ་པོ།།
དེ་ལ་བསྟུན་ནས་འགྲོ་ཡོད།།
དོན་དམ་བདེན་པའི་འོག་ན།།
ང་ཁྱེད་བཤད་ས་འདུག་གས།།

མཆོག་སྨྱོན་ནས་སྤྱི་ལོ་༢༠༢༢ཟླ་༡༡ཚེས་༡༧ལ་གསུངས། མཆོག་རྡོ་རྗེ་ནས་ཡི་གེར་བཏབ། མཆོག་རིག་པ་ནས་དག་བཅོས་བྱས།

རྒྱ་ཡིག   一杯茅台乾了

Facebook link