ཞལ་གདམས་ཡང་ཡིན་ལ་ལུང་བསྟན་ཡང་ཡིན།

Khyen Chen Jigme Phuntso

ཞལ་གདམས་ཡང་ཡིན་ལ་ལུང་བསྟན་ཡང་ཡིན།

༄།   །ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གི་འདའ་ཁའི་ཞལ་ཆེམས།   རང་ཚུགས་མ་འཆོར།   གཞན་སེམས་མ་དཀྲུགས།   ཞེས་གསུང་བའི་གདམས་པ་ཚིག་རྐང་གཉིས་པོ་འདི་སྤྱིར་བཏང་གི་ཞལ་ཆེམས་ཙམ་ཞིག་མིན་པར།   དུས་སུ་བབས་པའི་ཆར་དང་།   སྐབས་སུ་བབས་པའི་ལུང་བསྟན་ཞིག་ཀྱང་ཡིན་པས།   འདི་ལ་རང་གིས་གོ་དོན་རྙེད་ཚོད་ལྟར་ཅུང་ཟད་ཞུ་ན།

དང་པོ།    རང་ཚུགས་མ་འཆོར་གསུངས་པའི་དོན།

རབ་ཡིན་ན།   རྐྱེན་བཟང་ངན་ཅི་ལ་འཕྲད་ཀྱང་དེའི་དབང་དུ་མི་འགྲོ་བར་རྣམ་རྟོག་གང་ཤར་རྗེས་མེད་རང་གྲོལ་དུ་བཏང་ནས།   རིག་པའི་རང་ཚུགས་མ་ཤོར་བ་ཞིག་དགོས་ཞེས་པའི་དོན་དང་།   འབྲིང་ཞིག་ཡིན་ན།   ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས།   ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དེ་ཟུངས་ལ།།

ཞེས་གསུངས་པ་བཞིན།   རིག་འཛིན་བརྒྱུད་པའི་རང་ལུགས་གསེར་ཞུན་མ་ལྟ་བུ་དེའི་ཐུན་མིན་འགྲོ་སྟངས་ཀྱི་ཚུགས་མ་ཤོར་བའི་རྨང་གཞིའི་སྟེང་ནས།   རང་རང་གིས་ཁས་བླངས་པའི་སྡོམ་དང་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུངས་ནས་རང་གིས་རང་ལ་མི་ཁྲེལ་བ་ཞིག་དགོས་ཞེས་པའི་དོན་དང་།

ཐ་མ་ཞིག་ཡིན་ན།   དམིགས་བསལ་དོན་ཆེན་འདྲ་ཡོད་ན་མ་གཏོགས་རང་གི་སྐྱོན་ཡོན་ཏན།   ཐ་ན་ཟ་འཐུང་བྱས་པ་དང་།   གཅིན་སྐྱག་དོར་བ་ཚུན་ཆོད་དྲྭ་ཐོག་ནས་ཁྱབ་སྤེལ་མི་བྱེད་པར།   རང་ཉིད་སྦས་པའི་ཚུལ་གྱིས་བརྟན་པོ་སྡོད་ཐུབ་པ་ཞིག་དགོས་ཞེས་པའི་དོན་ཡིན།

གཉིས་པ།   གཞན་སེམས་མ་དཀྲུགས་གསུངས་པའི་དོན་ནི།

མཁས་བླུན་སུ་ཡིན་རུང་།    གཞན་སྐྱོན་བརྗོད་པ།   མཚང་འབྲུ་བ།    མིང་ངན་འདོགས་པ། དཔེར་ན།    ཕུང་གསུམ་པ།   སྡུག་ཐུག་སྔགས་པ།   གཞན་ཡང་དགེ་སྦྱོང་མགོ་རེག་དང་།   ཁྱི་དང་འདྲ་བ།   ཕག་དང་འདྲ་བ་སོགས་གཞན་དོན་དུ་མི་འགྱུར་བའི་ངན་སྨྲས་སྣ་ཚོགས་མ་བྱེད་ཅེས་པའི་དོན་རེད།   འདི་ལྟ་བུའི་རྡོ་རྗེའི་གསུང་གི་དོན་གོ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་རེད།   དེས་ན་འདི་ནི་ཞལ་ཆེམས་ཞིག་ཡིན་པའི་ངོས་ནས།   འགྲོ་བ་མི་ཡོད་དོ་ཅོག་གིས་བསྒྲུབ་འོས་ཀྱི་དོན་ཞིག་ཡིན་ལ།   ལུང་བསྟན་ཞིག་ཡིན་པའི་ངོས་ནས་འབྲེལ་ཡོད་ཀུན་གྱི་ཐུགས་ལ་འཛིན་འོས་ཀྱི་དོན་དག་གལ་ཆེན་ཞིག་ཀྱང་ཡིན་ནོ།།

གུས་པ་རང་ལ་མཚོན་ན་སྔོན་ཆད་ཞལ་གདམས་ཟབ་མོ་འདི་ཐོས་མ་ཐག་པ་ནས་ཕན་ཐོགས་ཆེན་པོ་བྱུང་ཞིང་།   དེ་བཞིན་འདི་ནི་གང་ཟག་སུས་ཐོས་ནའང་དེ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའི་ཡིད་ཆེས་ཀྱིས་ཀུན་ནས་བསླངས་ཏེ་རང་བློས་དཔོག་ཚོད་ལྟར་བཀྲལ་ནས་ཕུལ་བ་ཡིན་པས།   ཀུན་གྱིས་ཐུགས་ལ་འཛིན་རོགས།   དགོངས་གཞིག་གནང་རོགས།   ཉམས་སུ་ལེན་རོགས།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༡ལ་ཕུལ།

 

རྒྱ་ཡིག   此為口訣 也是預言
དབྱིན་ཇིའི་ཡིག   This is Pithy Instruction as well as Prophecy
བརྒྱུད་བསྐུར།   Facebook