
༄། །གྲུབ་དབང་བླ་མའི་སྐུ་ཡི་རྒྱལ་ཚབ་སྟེ།།
རྣམ་གསུམ་ངུར་སྨྲིག་གོས་ཀྱི་ལེགས་པར་བཀླུབས།།
ཚུལ་འཆལ་ཕྲ་མོ་མ་གོས་འདུལ་འཛིན་པ།།
གནས་བརྟན་རྒན་པོ་ཞིག་གི་རྣམ་ཐར་འཆང་།།
གྲུབ་དབང་བླ་མའི་གསུང་གི་རྒྱལ་ཚབ་སྟེ།།
དོན་མེད་ངག་འཆལ་མི་མངའ་ཞལ་སྒོ་བཙུན།།
གསུང་ཚད་འགྲོ་ཀུན་དགེ་བའི་སྣང་བ་སྟེར།།
བྱང་ཆུབ་སེམས་དཔའི་མཛད་པ་བདག་གིར་བཞེས།།
གྲུབ་དབང་བླ་མའི་ཐུགས་ཀྱི་རྒྱལ་ཚབ་སྟེ།།
ཐུགས་སྒམ་གཏིང་ཟབ་གཞན་གྱིས་དཔོག་པར་དཀའ།།
རིམ་གཉིས་ལམ་ལས་ལྟ་སྒོམ་མཐོན་པོར་བསྙེགས།།
གསུམ་ལྡན་རྡོ་རྗེ་འཛིན་པའི་ངོ་བོར་བཞེངས།།
གྲུབ་དབང་བླ་མའི་ཐུགས་ཀྱི་བདེན་སྟོབས་དང་།།
བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས།།
མགོན་པོ་ཁྱེད་ཀྱི་སྐུ་ཚེ་མཛད་ཕྲིན་གང་།།
ནམ་མཁའ་ཇི་སྲིད་བར་དུ་གཡོ་མེད་ཤོག། །།
ཅེས་པའང་མདང་དགོང་རྨི་ལམ་དུ་གྲུབ་དབང་བླ་མའི་ཞལ་མཇལ་ནས། དེ་རིང་སྐུ་ཆེན་རིན་པོ་ཆེ་ཕེབས་མ་སོང་། སྨྱུ་གུ་དེ་མ་རྩ་ཁོང་ལ་ཕུལ་ཡས་ཡིན་ཏེ་ད་ཁོང་ཕེབས་མ་སོང་བ་གསུངས་ནས་སྨྱུ་གུ་ལྔ་ཙམ་ཞིག་འདི་ད་ཁྱེད་ལ་རྔན་པ་སྤྲད་ཞག་གོ་ཞེས་གསུངས་བ་རྨིས། དེ་རིང་ཕྱི་དྲོའི་ཆར་དྲྭ་ལམ་ཐོག་ཁོང་གི་སྐུའི་འཁྲུངས་སྐར་ཡིན་པ་མཐོང་པའི་ཚེ། འབངས་ཐ་ཤལ་པ་མཆོག་མིང་ནས་སྨོན་པ་དགེ་ལེགས་སུ་གྱུར་ཅིག སྤྱི་ལོ་ 2025 ཟླ་ 8 ཚེས་ 28 ལ།
རྒྱ་ཡིག 恭祝 噶瑪古千法王長壽住世
དབྱིན་ཇིའི་ཡིག Long Life to His Holiness Kuchen Rinpoche