འཆི་མེད་ཚེ་ཡི་རིལ་བུ་བཞུགས།

延壽甘露丸

༼ འཆི་མེད་ཚེ་ཡི་རིལ་བུ་བཞུགས། ༽

༄།   །རིག་འཛིན་སྤྱི་འདུས་གླིང་དུ་དྲྭ་མིང་ལ་ཡིད་བཞིན་འཁོར་ལོ་ཞུ་བ་ཞིག་གིས་ཏོག་དབྱིབས་ནད་དུག་སྐོར་ལ་དགོངས་ཚུལ་ཅི་ཞིག་ཡོད་ན་གསུངས་རོགས་ཞེས་གསུངས་པ་ལ།   ང་རང་གི་བསམ་ཚུལ་ཅུང་ཟད་ཅིག་ཞུ་ན།   སྤྱིར་ནད་རིམས་འདི་རིགས་བགྲང་གིས་མི་ལང་པ་ཞིག་འཛམ་གླིང་འདིར་སྔར་བྱུང་ཟིན་པའམ།   ད་ལྟ་འབྱུང་བཞིན་པ་དང་།   ཕྱིས་འབྱུང་བར་འགྱུར་པ་རྣམས་སེམས་ཅན་སྤྱི་མཐུན་གྱི་ལས་ངན་ལས་བྱུང་བ་གོར་མ་ཆག   སྤྱི་མཐུན་ཟེར་བའི་སྤྱི་དངོས་པོ་ཞིག་གྲུབ་པ་མེད་ནའང་།   དཔེར་ན།   གྲོང་པ་གཅིག་གི་མི་ཚང་མ་ཤན་པའི་ལས་བྱེད་མཁན་ཞིག་ཡིན་ན།   དེ་ཐམས་ཅད་ལ་ཚེ་ཐུང་ནད་མང་གི་འབྲས་བུ་སྨིན་གྱིན་ཡོད་པ་མངོན་སུམ་ཚད་མས་གྲུབ་པ་ལྟར་དུ།   སྤྱི་མཐུན་ཟེར་བའི་ཐ་སྙད་འདི་སྤྱོད་པ་ཡིན་ན་རིགས་པས་གནོད་པ་མེད་པ་འདྲ།    སྤྱིར་ཚན་རིག་པས་ཏོག་དབྱིབས་ནད་དུག་འདི་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཤེས་ཡོད་ཀྱང་།   རྐྱེན་དེ་རྒྱུ་གང་ཞིག་ལས་བྱུང་བ་ཡིན་ཟེར་ནས་དྲིས་པ་ཡིན་ན།   སྨྲ་ལྕེ་ཐུང་ངུར་འགྱུར་བ་གདོན་མི་ཟ།   དེ་སྤྱིར་བཏང་དུ་བཤད་པ་ཡིན།   དེ་ལ་ཇི་ལྟར་གདོང་ལེན་བྱ་ཚུལ་གྱི་སྐོར་ནི། རྒྱལ་ཁབ་ཆེན་པོའི་སྨན་ཁང་ཁག་གི་འཕྲོད་བསྟེན་ཡིག་ཆ་ལ་ཡིད་ཆེས་བྱ་རྒྱུ་དང་།   ང་ཚོ་བོད་རིགས་ཀྱི་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་དང་།   རྫོང་སར་མཁྱེན་བརྩེ་སོགས་ཀྱིས་བཀའ་སློབ་རབ་དང་རིམ་པར་གནང་དང་གནང་བཞིན་པ་འདི་དག་ལ་དོ་སྣང་ལེགས་པར་མཛོད་ཞུ་རྒྱུ་ལས་བདག་ལ་སྔར་མེད་ཀྱི་ལེགས་བཤད་གསར་བ་ཅི་ཡང་མེད།   དེ་ནས་རང་གིས་ཇི་ལྟར་ལག་ལེན་བསྟར་ཚུལ་ཉུང་ངུའི་སྒོ་ནས་ཞུ་ན།   ལོ་གཅིག་དང་ཕྱེད་ཀའི་སྔོན་ནས་ནད་རིམས་འདི་ཉིད་བྱུང་བ་ཤེས་པ་དང་།   རང་གིས་གང་ནུས་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་རླུང་འབྱུང་རྔུབ་སྦྲེལ་ནས་ཉམས་སུ་བླངས་ཤིང་།   དེ་བཞིན་རང་གི་ཁ་ལ་ཉན་པའི་སློབ་མ་ཚོ་ལའང་འདི་བཞིན་ཉམས་སུ་ལེན་པར་བསྐུལ་མ་བྱས་པ་ཡིན།   རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་སློབ་མ་མང་པོ་ཞིག་ནད་ཀྱི་གཡུལ་ས་དངོས་ན་མཆིས་པའང་མི་ཉུང་པ་ཞིག་ཡོད་མོད།   དུས་ད་ལྟའི་བར་རང་དང་འབྲེལ་ཡོད་ཀྱི་སློབ་མ་སུ་གཅིག་ལའང་ཏོག་དབྱིབས་ནད་དུག་གིས་ཁ་ཕྲུ་ཕོག་མི་འདུག་པས།   བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་འདི་ལ་བརྟེན་ན་ནད་དུག་གི་གཉེན་པོ་མཆོག་ཏུ་འགྱུར་ངེས་རེད།   དེས་ན་བློ་བླ་མ་དཀོན་མཆོག་ལ་གཏད་ནས་བསམ་པ་བཟང་པོ་བྱེད་རྒྱུ་མ་བརྗེད་དང་།   མ་འོངས་པར་ཡང་ཅི་སྐྱོན་རྒྱུ་མ་རེད་དྲན་གྱིན་ཡོད།   དོན་འདི་ནང་པ་ཡོངས་ཀྱིས་ངེས་པར་བསྒྲུབ་དགོས་ངེས་ཀྱི་བྱ་བར་འཛིན་རོགས།   བཀའ་དྲིན་ཆེ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༢ལ།

རྒྱ་ཡིག   延壽甘露丸
དབྱིན་ཇིའི་ཡིག    Life Prolonging Nectar Pills
བརྒྱུད་བསྐུར།   Facebook

གཏོང་ལེན།