PenorRinpoche_ChoktrulRinpoche
༄༅།། རྒྱལ་བ་ཀུན་འདུས་རིགས་བདག་རྡོ་རྗེ་སེམས། །
ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ་ཆེན་པོ། །
དྲིན་ཆེན་བླ་མ་རྫོགས་པའི་སངས་རྒྱས་དངོས། །
གྲུབ་དབང་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

མགོན་ཁྱོད་དུས་གསུམ་ལས་འདས་དུས་བཞིའི་ཚེ། །
སྐྱེ་འཆི་མི་མངའ་གཞོམ་གཞིག་བྲལ་བའི་སྐུ། །
གདོད་མའི་མགོན་པོར་ཡེ་སངས་རྒྱས་ཟིན་པས། །
འགྲོ་འོང་ཆོས་ཀྱི་མཚན་མ་ག་ལ་གྲུབ། །

འོན་ཀྱང་ཐུགས་བསྐྱེད་མཐའ་ལ་ཐུག་མེད་ཕྱིར། །
འགྲོ་ཀུན་འཁོར་བའི་མཚོ་ལས་མ་གྲོལ་བར། །
ཐུགས་སྐྱེད་དམ་བཅའི་རི་མོ་མི་བསྙེལ་བར། །
ཞི་ལ་དགྱེས་པའི་མངོན་རྟོགས་གཡོ་བར་མཛོད། །

ཁྱོད་ཞབས་པདྨོ་སྤྱི་བོར་བསྙེན་པ་ལ། །
ནམ་ཡང་བརྩོན་པ་མི་ལྷོད་ཡིད་ཆེས་ཀྱིས། །
དད་ལྡན་བདག་དང་བདག་འདྲའི་སློབ་ཚོགས་རྣམས། །
འདི་ཕྱིའི་རེ་ལྟོས་སྐྱབས་གནས་གང་དུ་འཚོལ། །

དེ་ཕྱིར་དུས་ཀུན་ཁྱེད་ཞལ་དགྱེས་པའི་འཛུམ། །
ཡང་ཡང་མཇལ་འདོད་སྙིང་ནས་མི་བཟོད་པས། །
གདུང་དབྱངས་རྒྱང་ནས་ཁྱེད་ལ་འབུལ་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

དད་པ་གསུམ་ལྡན་གདུལ་བྱའི་སྐྱེ་བོ་ལ། །
རྒྱལ་བའི་ཐུགས་རྗེ་མྱུར་བ་ཉིད་འཇུག་ནས། །
ལས་འབྲས་བསླུ་མེད་པའི་བདེན་དོན་གྱིས། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

བསླབ་པ་གསུམ་ལྡན་ངུར་སྨྲིག་འདུས་པའི་ཚོགས། །
སྡེ་སྣོད་རྣམ་གསུམ་ཆོས་ཀྱི་སྒོ་འཕར་འབྱེད། །
བཤད་སྒྲུབ་ལས་ཀྱི་དེད་དཔོན་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

སྒོ་གསུམ་འཁྲུལ་བའི་སྣང་བ་རང་སར་དག །
སྣང་གྲགས་རིག་པའི་ཡེ་ཤེས་མཛོན་དུ་གྱུར། །
དཀྱིལ་འཁོར་ཀུན་གྱི་སྤྲོ་བསྡུ་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

ཐུགས་རྗེས་ཚད་མེད་རྣམ་རོལ་ལམ་སྟོན་མཁན། །
གང་འདུལ་ཐར་བའི་ལམ་དུ་ཁྲིད་ངེས་པའི། །
རྒྱལ་ཀུན་སྤྲུལ་སྐུའི་བླ་མ་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

འགག་མེད་རང་སྣང་འོད་གསལ་ཚོམ་བུའི་དབྱིངས། །
བསྐྱེད་རྫོགས་དགོངས་པ་དབྱེར་མེད་ཞི་ཁྲོའི་གར། །
ལོངས་སྤྱོད་རྫོགས་སྐུའི་བླ་མ་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

སྐྱེ་མེད་གཉུག་མའི་ངོ་བོར་བློ་བྲལ་གྱི། །
རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡེ་གྲོལ་གཤིས། །
ཀུན་མཁྱེན་ཆོས་སྐུའི་བླ་མ་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

གཞི་གྲོལ་ད་ལྟའི་ཤེས་པ་སངས་རྒྱས་དངོས། །
རང་སྣང་ལྷུན་འབྱམས་ཆེན་པོར་ད་རྫོགས་ཟིན། །
གུ་ཡང་བློ་བདེའི་བླ་མ་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

འདི་དང་དེ་ཞེས་འཛིན་པའི་སྤྲོས་པ་ཀུན། །
ཤར་བ་རང་གྲོལ་རྗེན་ནེ་ལྷམ་མེ་བ། །
གཏད་མེད་རང་གྲོལ་བླ་མ་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

གདོད་ནས་གཞི་རྫོགས་ཀུན་བཟང་རྒྱལ་པོ་ཆེ། །
ཡེ་གནས་ལམ་མཆོག་མངོན་གྱུར་ཀུན་བཟང་ཆེ། །
རང་བྱུང་འབྲས་བུ་ཀུན་བཟང་ཁྱེད་ལགས་ན། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

དེ་ལྟར་སྙིང་ནས་གསོལ་བ་འདེབས་ལགས་ན། །
བསླུ་མེད་དཀོན་མཆོག་ཐུགས་རྗེའི་བདེན་སྟོབས་དང་། །
རྩ་གསུམ་ཆོས་སྐྱོང་ཡོངས་ཀྱིས་བྱིན་བཐུ་ཡིས། །
སྤྲུལ་བའི་ཟླ་ཞལ་མྱུར་ཏུ་འབྱོན་དུ་གསོལ། །

ཞེས་པའང་ཆུང་ནས་མགོན་པོ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ་མི་ཚེ་འདའ་བའི་སློབ་འབངས་ཐ་ཤལ་བ་མཆོག་སྤྲུལ་ནས་གསོལ་བ་བཏབ་པ་དགེའོ།། །།

རྒྱ་ཡིག 祈願大導師貝瑪諾布尊迴入娑婆文