རྫ་ཚེ་བཀྲ་སོགས་ལ་ལོག་བཤད་མ་ལུས་འཇོམས་པའི་སྒྱོགས་མདའ།
༡
ཐོག་མར་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལགས་ཀྱིས་སྤྱི་ལོ་ ༢༠༢༠ ལོའི་ཟླ ༢ ་པའི་ཚེས་ ༣ ཉིན་སྨོན་ལམ་ཚོགས་པས་སྤེལ་བའི་ཡི་གེ་དང་མཉམ་དུ་ཁོང་གི་རྙིང་མའི་དབུ་འཛིན་སྐོར་གྱི་གསུང་དེ་དང་།
ཞེ་ཆེན་རབ་འབྱམས་ལ་སྨོན་ལམ་ཚོགས་པས་རྙིང་མ་སྤྱིའི་དབུ་འཛིན་ལ་འགན་ཁུར་དགོས་པའི་གསོལ་བ་བཏབ་པ་དང་དུ་མ་བླངས་བ་སོགས་ཚད་མར་བྱས་ནས་ཁྱེད་རང་ཉིད་ཀྱིས་ཀྱང་དེ་ཁོ་ན་སྤྱི་བོའི་གཙུག་ཏུ་བཀུར་ཞིང་། བདེན་པའི་ཡིད་ཆེས་བྱེད་ཀྱིན་ཡོད་པ་ཞིག་རེད་འདུག་མོད།
དངོས་ནས་ལབ་ན་དེ་ནི་འཁྲུལ་ཚབ་ཧ་ཅང་ཆེན་པོ་ཞིག་ཡིན་ལ།
མཁྱེན་བརྩེ་རིན་པོ་མཆོག་གིས་དེ་ལྟར་གསུངས་པ་དེ་ཡང་སྐབས་དོན་གྱི་དགོས་དབང་དང་དྲང་དོན་མིན་པའི་ངེས་པ་གཏན་ནས་མེད་ཀྱང་།
གལ་སྲིད་ཁོང་གིས་ཞེ་ཐག་པ་ནས་དེ་ལྟར་གསུངས་པ་ཡིན་པའི་དབང་དུ་བཏང་ན་གནད་དོན་འདིའི་སྟེང་ནས་ཅུང་ཟད་ཐུགས་སྙམ་མ་བཞག་པའི་སྐྱོན་ཞིག་མཐོང་སོང་བ་དང་།
ཞེ་ཆེན་རབ་འབྱམས་དང་ཁྱེད་རང་སོགས་ཀྱིས་མཚོན་སྔ་འགྱུར་རྙིང་མ་སང་ལ་སྤྱི་བའི་དབུ་འཛིན་མི་དགོས་པར་འདོད་པའི་ལྟ་ཚུལ་ཡོད་མཁན་ཚང་མར་ངས་འདི་ནས་འཛུབ་མོས་རི་སྟོན་གྱིས་གཏམ་བདེན་པས་ཕྱུག་པ་འགའ་ལབ་འདོད་སྐྱེས་བྱུང་བས། ཅིས་ཀྱང་གསན་པར་ཞུ།
དེ་ཡང་སྔོན་གྱི་དུས་ན་རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་བཀའ་དྲིན་ཅན་སྐུ་མྱ་ངན་ལས་འདའ་ཁར། ཉན་ཐོས་འོད་སྲུང་ལ་བསྟན་པའམ་ཆོས་ཀྱི་འགན་དབང་ཡོངས་སུ་གཏད་པ་དང་།
ཉན་ཐོས་འོད་སྲུང་གིས་ཀུན་དགའ་བོ་ལ་གཏད་པ་སོགས་ལོ་རྒྱུས་ཡོངས་གྲགས་སུ་སྟོན་པའི་གཏན་རབས་བདུན་ཙམ་བྱུང་བ་ཡང་བསྟན་པ་སྤྱི་ཡོངས་ཀྱི་དབུ་འཛིན་ཡིན་པ་དང་།
དེ་རྗེས་བསྟན་པའི་དབུ་འཛིན་ལེགས་པོ་མ་བྱུང་བས་རྒྱུ་རྐྱེན་གྱིས་གྲུབ་མཐའ་སྨྲ་བ་བཞི་དང་ཉན་ཐོས་སྡེ་བ་བཅོ་བརྒྱད་སོགས་གྱེས་ཏེ་དེ་དག་གི་རྩོད་པའི་རླབས་རྒྱུན་དྲགས་པོས་རི་བོ་ཧི་མ་ལ་ཡི་གངས་རི་བརྒལ་ཏེ། ལོ་ངོ་གཉིས་སྟོང་གི་རྗེས་ཀྱི་ད་ལྟ་ད་དུང་ཡང་ཞི་འཇགས་སུ་གྱུར་མེད་པ་འདི་རེད།
སྣང་ཚུལ་འདི་དང་འདི་འདྲའི་རྐྱེན་བྱས་ཏེ། སློབ་དཔོན་དབྱིག་གཉེན་གྱིས།
།སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།
།དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།
།ཞེས་པའི་ཡིད་སྐྱོ་བའི་སྨྲེ་ངག་གི་ཚིག་ཕྲེང་འདི་འདྲ་ཐལ་དགོས་སོང་བ་མ་ཡིན་ནམ།
ནང་བསྟན་སྤྱིའི་ལོ་རྒྱུས་ཀྱི་ཆུ་འགོ་གངས་ལ་གཏུགས་པའི་མཁས་པའི་རྣམ་ཐར་སྐྱོང་ན་བསྟན་པའི་དབུ་འཛིན་ཞེས་པ་ནི། འདི་ཡིན་དེ་མིན་གྱི་ལམ་ལུགས་གསར་བ་ཞིག་མ་ཡིན་པར་བདག་ཅག་གི་སྟོན་པ་མཆོག་གི་དགོངས་བཞེད་ཉག་གཅིག་ཡིན་པའི་བདེན་པ་ར་སྤྲོད་ཐུབ་ཀྱིན་ཡོད་མོད།
རྣམ་དཔྱོད་དང་བསོད་ནམས་གཉིས་ཀ་མ་ལྡན་ན་གནས་ལུགས་དེ་མཐོང་བའི་སྐལ་བ་མེད་ཀྱང་སྲིད་དོ། །
དེ་ནས་བོད་བརྒྱུད་ནང་བསྟན་གྱི་ངོས་ནས་བསམ་ན་ཡང་གཞི་རྩའི་གནས་ལུགས་དེ་ལས་འདའ་བ་མེད་དེ།
བོད་བརྒྱུད་ནང་བསྟན་ནི་ད་ལྟའི་ཆར་ཆོས་བརྒྱུད་གྲུབ་མཐའ་བཞིའམ་ལྔ་དང་། ཡང་ན་སྒྲུབ་བརྒྱད་ཤིང་རྟ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན་པས།
སོ་སོ་རང་རང་གི་ཆོས་ཀྱི་བརྒྱུད་པ་མ་འདྲ་བས་རྐྱེན་གྱིས་སྤྱི་ཡོངས་ཀྱི་དབུ་འཛིན་ཡོང་ཐབས་མེད་ལ།
དེ་ལ་རྟེན་ནས་ཉེས་སྐྱོན་གནམ་ལ་མི་ཤོང་ལ་བཟོས་ཡོད་པ་ནི་འདས་པའི་ལོ་རྒྱུས་ལ་འཁྱུགས་ཙམ་བལྟས་པས་ཤེས་ནུས་ཏེ།
དེ་ཡང་ཆོས་ཀྱི་བསྟི་གནས་ཀྱི་དགོན་སྡེ་མང་པོའི་ནང་ནས་ཡ་ང་བའི་དམག་འཁྲུག་དང་གཡུལ་འགྱེད་ཚད་མེད་བྱས་ཤིང་། ཁྲག་དྲི་མཆེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་ཞིག་བརྩམས་ནས་ཡོང་བ་དེ་དག་ཡོད་ཚད།
མཐར་དེད་ན་བོད་བརྒྱུད་ནང་བསྟན་ལ་སྤྱི་བའི་དབུ་འཛིན་མེད་པའི་སྣང་ཚུལ་དེ་ཡིས་ཡིན་ངེས་ཏེ། སོ་སོའི་ང་ཆེ་ང་བཙན་དང་། ང་འཇིགས་ང་བཟང་གིས་ནང་འཁྲུགས་ཀྱི་མེ་ལྕེ་དྲག་ཏུ་མཆེད་ཡོང་བ་མ་ཡིན་ནམ།
ད་ལྟ་ད་དུང་ཡིད་མུག་པའི་གཏམ་རྒྱུད་དེ་དག་གིས་སེམས་རྩ་གཉོམ་ཆ་ལེར་གཏོང་བཞིན་ཡོད་པ་བརྗེད་དུ་ག་ལ་ཡོད་ཨང་།
དེ་ལས་བྱེ་བྲག་ལ་བབས་ན་ཆོས་བརྒྱུད་རང་རང་གི་དབུ་འཛིན་བསྐོ་བཞག་གི་ལམ་ལུགས་གང་དེ་ལེགས་འགྲུབ་ཡོང་དང་མ་ཡོང་གིས་ཆོས་བརྒྱུད་རང་རང་ལ་བསྟན་པ་རྒྱས་དང་མ་རྒྱས་ཀྱི་ཧེ་བག་ཆེན་པོ་བྱུང་ཡོད་པ་ཡིན་ཏེ།
དེ་ཡང་དགེ་ལུགས་པར་མཚོན་ན་དགའ་ལྡན་ཁྲི་རབས་དང་། རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱིས་དབུ་འཛིན་ལམ་ལུགས་ཀྱི་སྲོལ་ལེགས་པར་བསྐྱངས་པས། ད་ལྟ་ཆར་གངས་རིའི་ཁྲོད་ཀྱིས་ཆེས་ཆེ་བའི་ཆོས་བརྒྱུད་གྲུབ་མཐའ་རུ་ཆགས་ཡོད་པ་དང་། ཞྭ་སེར་བསྟན་པའི་མངའ་ཐང་ཆེན་པོ་འདི་ཉིད་འཕགས་བོད་གཉིས་ཆར་ནས་མཐའ་དང་དབུས་སུ་ལྷང་ངེར་དར་ཞིང་རྒྱས་པའི་ངང་ཚུལ་འདི་རེད།
དེ་ལས་ལྡོག་སྟེ་བཀའ་བརྒྱུད་པ་ལ་མཚོན་ན་སློབ་དཔོན་མར་བས་ཆོས་བརྒྱུད་སྤྱི་ཡི་དབུ་འཛིན་དེ་གདུང་རྒྱུད་དེད་ནས་བསྐྱང་བའི་ཐུགས་བསམ་བཅིངས་ཏེ། ཁོང་གིས་སྲས་དར་མ་མདོ་སྡེ་རང་གི་བརྒྱུད་འཛིན་དུ་གསོ་སྐྱོང་མཛད་པ་ཡིན་མོད།
ཡིན་ན་ཡང་། ནཱ་རོ་པའི་མདུན་ལ་བཞུགས་དུས་སུ་རྟེན་འབྲེལ་ནོག་པའི་རྐྱེན་གྱིས་གདུང་བརྒྱུད་ཀྱིས་བསྟན་པ་མི་ཟིན་ཚུལ་ལུང་བསྟན་པ་དང་། སློབ་བརྒྱུད་ཆུ་བོའི་རྒྱུན་བཞིན་དར་ཚུལ་ལུང་བསྟན་བྱུང་བས། དེ་རྗེས་སྲས་དར་མ་མདོ་སྡེ་འབུམ་རྟ་ཡིས་གདབ་ནས་འདས་པ་དང་།
རྗེས་སུ་གདུང་བརྒྱུད་ཀྱིས་ཆོས་བརྒྱུད་མ་ཟིན་པར་མར་པའི་དུས་སྐབས་ནས་བརྒྱུད་པ་ཤོག་ཁག་བཞི་རུ་གྱེས།
དེ་ལ་རྔོག་པ་གཙོས་པའི་དགྱེས་རྡོར་རྒྱུད་འཛིན། མི་ལ་གཙོས་པའི་བདེ་མཆོག་རྒྱུད་འཛིན་སོ་སོར་གྱེས་ལ།
མི་ལའི་དུས་སུ། རས་ཆུང་པ། དྭགས་པོ་པ། ངོམ་རྫོང་པ་སོགས་ཤོག་ཁག་གསུམ་ལ་གྱེས།
དེ་ལ་བརྟེན་ནས། གཡའ་བཟང་བཀའ་བརྒྱུད་དང་། ཚལ་པ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད་སོགས་ནང་འཁྲུག་དུ་མ་བྱུང་བ་འདི་དག་ཀྱང་སྤྱི་ལ་དབང་བའི་བསྟན་པའི་དབུ་འཛིན་མེད་པས་ཡིན་ལ།
ད་ལྟ་བཀའ་བརྒྱུད་ཀྱི་བསྟན་པ་ཁ་མིན་སེམས་ཀྱིས་རྒྱུན་འཛིན་བྱེད་མཁན་དག་གིས་ཀྱང་གནད་འདི་སེམས་ལ་རྡོ་རྐོས་རི་མོ་བཞིན་ཐོགས་ཡོད་པ་ཞིག་ཡིན།
༢
ད་དུང་ད་ལྟའི་ཆར་དཔལ་ལྡན་ས་སྐྱ་སང་ལ་མཚོན་ན་གོང་མའི་གདུང་རྒྱུད་ཀྱིས་ས་བསྟན་སྤྱིའི་དབུ་འཛིན་ལམ་ལུགས་རྒྱུན་སྐྱོང་བ་ལ་རྟེན་ནས། ལྟོས་བཅས་ཀྱིས་བསྟན་པ་ཧ་ཅང་དར་རྒྱས་སུ་འགྲོ་དང་འགྲོ་བཞིན་ཡོད་ལ།
མཐུན་ལམ་གོང་བུ་གཅིག་འགྱུར་གྱི་ལམ་ལུགས་རྨ་མེད་པ་དེ་ལ་མཁས་པ་མང་པོས་གཟེངས་བསྟོད་དང་ཡི་རངས་གནང་དང་གནང་བཞིན་ཡོད་པ་ཞིག་ཡིན་རེད།
བརྩེ་ཆེན་ས་སྐྱའི་བསྟན་པའི་དབུ་ཁྲིད་ཆེན་མོ་སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་གཡོ་མེད་ཐུགས་ཀྱི་དགོངས་དོན་གཅིག་ལ་འཁྲི་བའི་བསྟན་པའི་སྙིང་པོ་འཛིན་དང་འཛིན་གྱིན་པའི་སྐྱེས་ཆེན་དམ་པ་གང་དག་ནི།
ཕན་ཚུན་ལ་ཕྲག་དོག་དང་འགྲན་སེམས་ཀྱིས་མཚོན་ཏེ་དགོས་མེད་ཀྱི་རྩོད་རྙོག་མང་པོའི་ར་བར་མ་ཚུད་པར། བསྟན་པའི་དབུ་ཁྲིད་གང་གི་ལྷག་བསམ་དར་དཀར་ཡུག་གཅིག་གི་གྲིབ་བསིལ་འོག
སྟོབས་ཤུགས་དང་ནུས་པ་གཞི་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཡོད་པས་མདུན་སྐྱོད་ཀྱི་ལམ་ཁ་སྔར་ལས་ཡངས་པའི་ངང་ཚུལ་ལ་སོམས་དང་།
ཅི་འདྲའི་ངོ་མཚར་དགེ་ཚོགས་མང་པོས་བལྟམས་པའི་ལེགས་བྱས་བཟང་པོ་ཞིག་མ་རེད་དམ།
སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འདི་ལ་མཚོན་ན་སྤྱི་བའི་དབུ་འཛིན་དང་དབུ་བཞུགས་མེད་པས་རྒྱུ་རྐྱེན་གྱིས།
རབ་སྔགས་གཉིས་ཀྱི་རྩོད་པ་སོགས་ནང་འཁྲུག་གི་རྒྱུན་ཟམ་མ་ཆད་པར་འབྱུང་བཞིན་ཡོད་ལ། ད་ལྟ་ཡང་ཁྲི་འཛིན་གྱི་རྩོད་པ་འདི་ནང་བཞིན་ཡིན། ལུང་ཆུང་རེ་ལ་རྒྱལ་ཆུང་རེ་ཟེར་བ་བཞིན།
ཆོས་སྡེ་ཆེན་པོ་དག་དང་དགོན་པ་ཆེན་པོ་དག་གིས་གཅིག་གིས་གཅིག་ལ་རྫིག་ངོམ་རེས་བྱས་ནས་བསྡད་ཡོད་ཅིང་།
ཆེ་བ་མས་ཆེ་ཤེད་དང་། ཆུང་བ་མས་ཆུང་ཤེད་ཁུར་ནས།
སྡོམ་པ་ཡོད་མཁན་ཚོས་བཤད་ན་མེད་མཁན་ཚོས་མི་ཉན། མེད་མཁན་ཚོས་བཤད་ན་ཡོད་མཁན་ཚོས་མི་ཉན།
དགོན་པའི་ལམ་ལུགས་ཆོས་སྡེ་ནས་འདུག་མཁན་ཚོས་གཏོར་བཤིག་གཏོང་ཞིང་། ཆོས་སྡེའི་ལམ་ལུགས་དགོན་པ་མི་དགའ་བའི་གནས་སུ་ལྷག་ནས།
ཆོས་སྡེ་ཆེན་པོ་ནས་ཐག་བཅད་པ་དག་དགོན་པ་ཚོས་མི་ཁུར་ལ། དགོན་པ་ཚོའི་ལམ་ལུགས་དག་ཆོས་སྡེ་ཆེན་པོ་དག་གིས་དོན་སྣང་མི་བྱེད་ཅིང་།
དགོན་པ་ཆེན་པོ་དག་ཀྱང་གཅིག་གིས་གཅིག་ལ་འགྲན་སེམས་དང་། ཕྲག་དོག་ཁོ་ནས་འཚོས་ཏེ། དགོས་མེད་ཀྱི་རྩོད་ཉོག་མང་པོའི་ནང་ནས་ཐར་གྱིན་མེད་པ་འདི་རེད།
སྐབས་འདི་ནས་ང་ཚོས་ཅིས་ཀྱང་ཤེས་དགོས་པ་ཞིག་ནི། ཆོས་བརྒྱུད་གྲུ་མཐའ་ཅེས་པ་ནི་གཞི་རྩའི་ཆ་ནས་ནང་བསྟན་ཆོས་ལུགས་ཀྱི་སྙིང་པོ་སྟེ། བྱམས་པ་དང་། སྙིང་རྗེ། ཤེས་རབ་དང་། རྟེན་འབྱུང་སོགས་རྒྱུད་ལ་ལེན་སའི་ཆོས་ཀྱི་ལྟེ་གནས་ཞིག་ཡིན་དགོས་པ་ལས། ཆགས་སྡང་གི་འཐབ་མོ་བྱེད་སའི་གཡུལ་ས་ཞིག་རྩ་བ་ནས་ཡིན་མ་རུང་བ་དེ་ཡང་ལན་གཅིག་ཡིན་ལ་དྲན་འོས་སོ། །
སྣང་ཚུལ་འདི་དག་ལ་ཆེས་བཟང་བའི་ཐབས་ལམ་ཡག་ཤོས་དག་ལས་གཅིག་ནི་སྤྱི་བའི་དབུ་འཛིན་ཞིག་དགོས་པ་དེ་རེད་ལ།
གལ་སྲིད་ལམ་ལུགས་འདི་ཡག་པོ་ཞིག་ཆགས་ཐུབ་སོང་ན། རྩོད་ཉོག་ཕལ་ཆེ་བ་ཞི་འཇགས་སུ་འགྱུར་བའི་རེ་བ་ཆེན་པོ་ཡོད་པ་ཡིན་པས།
དེ་ལྟར་བསམ་ན་དཔལ་ཡུལ་མཆོག་སྤྲུལ་ཁོང་གི་མིག་རྒྱང་རིང་བར་ཚོད་ཅིག་མི་འདུག་བསམ་པ་བྱུང་ལ། བསྟན་པར་ལྷག་བསམ་ཁུར་སྟངས་ཡང་འདི་ལས་གཞན་ཅི་ཞིག་ཡོད་ཨང་སྙམ་བྱུང་།
ཅིས་ཀྱང་དབུ་འཛིན་བསྐོ་བཞག་གི་ལམ་ལུགས་འདི་ངེས་པར་ཆགས་དགོས་པའི་གནད་དོན་གོང་ནས་བཤད་ཟིན་པ་ཡིན་ལ།
དེ་ཡང་རིམ་གྱིས་ཇེ་ལེགས་སུ་མི་འགྲོ་བའི་ངེས་པ་གཏན་ཐག་པ་ནས་ཡོད་པ་མ་རེད།
ཁོང་ཉིད་དབུ་བཞུགས་ལ་བསྡད་པ་ཙམ་གྱིས་སྣང་ཚུལ་ཡོད་ཚད་བདེ་འབོལ་ལེར་དང་ལེགས་འཚོགས་མ་ལུས་པ་ཡོངས་སུ་འདུ་ཡོང་བའི་ངེས་པ་མེད་ན་ཡང་།
ལམ་ལུགས་འདི་འདྲ་ཞིག་ཆགས་ཐུབ་པ་ཙམ་གྱིས་རྙིང་མའི་ཆོས་བརྒྱུད་འདི་ལ་ཕན་ཐོག་ངེས་ཅན་ཡོད་པ་གདོན་མི་ཟ་ལ། རྗེས་མའི་རྗེས་མ་ལ། ཁོང་དང་ཁོང་ལྟ་བུ་དང་། ཁོང་ལས་ལྷག་པ་ཡང་དབུ་འཛིན་ལ་འདུག་ཆོག་གིན་ཡོད་པས། བསྟན་པར་སྨན་པའི་སྐྱེས་བུ་གང་ན་སུ་ཡོད་པ་ཚང་མར་རང་རང་གི་ནུས་ཤུགས་འདོན་པའི་གོ་སྐབས་ཡོད་པ་རེད།
དོན་དེ་སུ་ཞིག་གིས་བལྟས་ཀྱང་ལེགས་པའི་ཕྱོགས་ཞིག་ལས་ཉེས་པའི་ཚོགས་ཤིག་གཞར་ཡང་ཡོད་མི་སྲིད་ལ།
འདི་ལྟར་བསམ་གྱིན་བསམ་གྱིན་འདི་ནི་དངོས་ནས་དགའ་འོས་པའི་དོན་ཞིག་ཡིན་པ་ལས་རྩོད་དགོས་པའི་གནད་དོན་སྤུ་རྩེ་ཙམ་ཡང་རྙེད་དུ་མེད་པ་འདྲ།
དེ་བཞིན་དུ་སྐྱབས་རྗེ་རྭ་མགོ་སྤྲུལ་སྐུ་སྟེ་རྙིང་མ་སང་གི་མཁས་པ་ཨ་ཡོད་ནང་གི་ད་ཡོད་ཁོང་གིས་ཀྱང་གནད་ཀྱི་སྙིང་པོ་འདི་དག་ལག་ཏུ་ཟིན་ནས་རྟེན་འབྲེལ་ཞུས་ཤིང་དགའ་གུས་གནང་བ་ཡིན་ངེས་སྙམ་སྟེ། བསྟན་པ་ཤེས་ནས་འཛིན་མཁན་དག་ཅིས་ཀྱང་མི་འདྲ་བའི་གདེང་ཚོད་འདུག་གོ །
ད་དུང་ཞིབ་པར་འདང་བརྒྱབ་ན་ལོ་རྒྱུས་ཀྱི་དགེ་ཐོན་ཞིང་། ངོ་མཚར་གྱི་ཤེས་རྟོགས་མང་དུ་འཁྲུང་ངེས་ན་ཡང་། དུས་ཚོད་ཀྱི་དབང་གིས་འདི་ཙམ་གྱིས་ཆོག་པར་བྱེད།
མ་གཞི་འདི་དང་འདི་འདྲ་བ་ནི་ལོ་རྒྱུས་ཀྱི་གནད་ཕྲ་མོ་དག་དང་བསྡུར་ན་གནས་ཚུལ་རགས་པ་ཞིག་ཡིན་པས། བྱིས་པར་ཀ་ཁ་འཛུབ་ཁྲིད་ཀྱི་དཔེ་བཞིན་བྱེད་དགོས་དོན་ཆེར་མི་འདུག་མོད། འདི་ལྟར་རེ་རེ་ནས་ངོ་སྤྲོད་མ་བྱས་ན་ཧ་གོ་བཞིན་ཡོད་ས་མ་རེད་ཨང་འདོད་བྱུང་།
འདི་ན་ཁྱེད་ཅག་ལ་ཤེས་དགོས་ངེས་ཀྱི་ལེགས་བཤད་ཁ་ཤས་རིན་མེད་དུ་ཕུལ་ཡོད་པས། མ་གཡེང་མ་འཁྲུལ་བར་སྙིང་ལ་ཆོངས་ཏེ་ཡིད་ལ་དམ་པོར་ཟུངས་དང་།
ཆགས་སྡང་དང་ཕྱོགས་ལྷུང་གིས་ལྷད་པའི་མ་རུང་བའི་གཏམ་བརྒྱ་ཕྲག་ལས། གནས་ལུགས་ཀྱིས་ཕྱུག་པའི་བདེན་པའི་གཏམ་འདི་དག་ལེགས་པས་ཁྱེད་ཅག་ནམ་ཡང་བསླུ་མི་སྲིད་དོ། །
༣
རྫ་ཚེ་བཀྲ་ལགས་ཀྱིས་ཁ་སང་བྲིས་པའི་རྩོམ་དེའི་ནང་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ལ་དཔལ་ཡུལ་མཆོག་སྤྲུལ་ཁོང་མི་འོས་པའི་རྒྱུ་མཚན་ཁ་ཤས་བགྲངས་ཡོད་པ་དེ་དག་ཀྱང་ཨུ་ཚུགས་ཁོ་ནས་བཤད་ཀྱིན་ཡོད་པའི་སྣང་ཚུལ་ཙམ་ལས། བདེན་པ་བདེན་དྲང་གི་གཏམ་རེད་འདུག་ཨང་འདོད་པའི་ངེས་པ་ཏིལ་ཙམ་མ་བྱུང་སྟེ།
དཔལ་ཡུལ་མཆོག་སྤྲུལ་ཁོང་ཉིད་རྙིང་མའི་དབུ་འཛིན་ལ་འདུག་དགོས་ན་སྔ་འགྱུར་རྙིང་མའི་དགོན་ཁག་དྲུག་གི་མཚོན་ནས་འདུས་སྡེ་སྤྱི་ཡོངས་ནས་གསོལ་བ་འདེབས་པ་ཞིག་ཡིན་དགོས་ཞེས་པ་དང་། དགོན་ཁག་དྲུག་གི་མཚོན་ཏེ་རྙིང་མ་སྤྱི་ཡོངས་ཀྱིས་ཁས་ལེན་ཐོབ་དགོས་སོགས་ཟེར་བ་ནི།
དཔེ་མི་སྲིད་པ་ཞིག་སྟེ། དགོན་ཁག་དྲུག་དང་རྙིང་མ་སྤྱི་ཡོངས་ཀྱིས་གསོལ་བ་འདེབས་པ་དང་ཁས་ལེན་ཐོབ་པའི་རྙིང་མའི་དབུ་བཞུགས་ཤིག་འཛམ་བུ་གླིང་འདི་སྐོར་བ་བརྒྱབ་ན་ཡང་རྩ་བ་ཉིད་ནས་རྙེད་ཐབས་མེད་ལ།
མ་མཐའ་ནས་ད་ལྟའི་ཆར་རྙིང་མ་སང་གི་གནས་བབ་དེ་འདྲ་ཞིག་ཡིན་པ་སུས་ཀྱང་ཤེས་ནུས་པའི་དངོས་ཐོག་མིག་ཟིན་མ་ཡིན་ནམ།
གནད་དོན་གལ་ཆེ་ཤོས་དེ་ཡང་ད་སྔོན་ཡན་ཆད་ཀྱི་རྙིང་མའི་དབུ་འཛིན་ཁྲི་རབས་གོང་འོག་བདུན་ཙམ་བྱུང་བ་དེ་དག་ཀྱང་། དེ་འདྲའི་ཆ་རྐྱེན་ཚང་བ་ཞིག་ཡིན་པའི་ངེས་པ་གཏན་ནས་མེད་ལ། དེ་ལས་ལྡོག་སྟེ་དབུ་འཛིན་ལ་འོས་དང་མི་འོས་ཀྱི་རྩོད་པ་མང་པོ་བྱས་པ་མ་ཡིན་ནམ།
དེ་ལྟར་ན་ཁོང་ཅག་ལ་ཡང་ཆ་རྐྱེན་དེ་དག་མ་ཚང་བ་ཡིན་ནམ། ད་ཡིན་ན་ཁོང་ཅག་ཀྱང་དབུ་འཛིན་ལ་བསྡད་པ་དེ་མི་འགྲིག་པ་རེད་དམ། གནད་དོན་འདི་ལ་རྒྱུ་མཚན་ཡང་དག་ཅིག་བསྐལ་བར་བཙལ་ཡང་རྙེད་མི་སྲིད་པ་རེད།
དེས་ན་ད་ཐེངས་མཐའ་གཅིག་ཏུ་དཔལ་ཡུལ་མཆོག་སྤྲུལ་ཁོང་དབུ་འཛིན་ལ་འདུག་དགོས་ན་ཆ་རྐྱེན་དེ་དང་འདི་ལྡན་དགོས་ཞེས་སྨྲས་ཏེ་འགྲུབ་ཐབས་མེད་པ་མང་པོས་རྒྱུ་མ་ཕུ་འདེད་བྱེད་དགོས་པའི་དོན་ཅི་ཞིག་ལ་ཐུག་པ་རེད།
དེ་དག་རེ་རེ་ནས་བརྡར་ཤ་བཅད་དེ་ཡོང་ན། ཁྱེད་ཀྱིས་ཚད་ཐིག་ལ་འཇོག་གིན་པ་དེ་ལས་ཟུར་དུ་གཡོལ་འདུག་པ་མང་པོ་ཡོད་ངེས་ན་ཡང་། ནང་རྒྱུ་རློན་པ་ཕྱིར་དབྱུང་བའི་དགོས་པ་ཅི་ཞིག་ཡོད་ཨང་སྙམ་ནས་རེ་ཞིག་འདི་ཙམ་གྱིས་ཆོག་པར་བྱས་ཡོད།
ཁྲི་འཛིན་རིམ་པར་བྱུང་བ་རེ་རེ་ནས་ཆ་རྐྱེན་འདི་དག་ཚང་བ་ཡིན་མིན་ཀུན་ལ་རྒྱུས་ཡོད་ཡིན་པས། རྒྱུས་ཡོད་ཀྱི་སྔུན་ནས་རྒྱུས་མེད་ཀྱི་གཏམ་སྦོམ་པོ་བཤད་པས་ཅི་ཞིག་ཕན་ནམ།
ད་ནི་ཁྱེད་ཅག་གིས་སྤྱི་བའི་དབུ་འཛིན་གྱི་ལས་དོན་ལ་བསམ་ནས་ལྷག་བསམ་གྱི་སྐད་ཆ་བཤད་ཀྱིན་མེད་པར། བསམ་བཞིན་དུ་སྒེར་གྱི་འཁོན་སེམས་དང་ཕྲག་དོག་གི་དབང་གིས་ཡིན་པའི་སྣང་ཚུལ་ཡང་ཟ་དང་ཟུར་ནས་མངོན་གྱིན་པ་གསལ་བོ་རེད་མི་འདུག་གྲང་།
སྨོན་ལམ་ཚོགས་པ་ཞེས་པ་དེར་ཡང་མཐའ་གཅིག་ཏུ་བདེན་ཁ་སྟེར་རིག་པའི་གནས་ལུགས་ཤིག་མཐོང་ཐུབ་ཀྱིན་མི་འདུག་ལ། དེ་ལས་ལྡོག་སྟེ་བསམ་བཞིན་དུ་དཀྲུགས་ཤིང་རྒྱག་གིན་ཡོད་པ་དང་།
ཚོགས་དེའི་ལས་འཛིན་པ་དེ་དག་ཀྱང་ཁ་ཕྱོགས་ངེས་གཏན་མེད་པའི་མགོ་ཉོག་འབའ་ཞིག་ལས། རྙིང་མ་སྤྱི་ཡོངས་ནས་འགན་ཁུར་ཐུབ་པ་དང་།
ལྷག་དོན་རྙིང་མ་སྤྱི་ཡོངས་ཀྱི་ཚབ་བྱེད་ཐུབ་མཁན་ཞིག་ཡིན་པའི་རྒྱུ་མཚན་སྣ་གཅིག་ཀྱང་མཐོང་དུ་མེད། མཐར་དེད་ན་དེ་ལས་ཀྱང་གནད་དོན་ཆེན་པོ་ཞིག་ཡོད་པ་ནི། ད་ཐེངས་ཀྱི་རྙོག་དྲ་ཆེན་པོ་འདིའི་དབུ་སློང་མཁན་ཚོགས་པ་དེ་ཡིན་ཞིང་།
ཚོགས་པ་དེ་ནི་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་ལུགས་སྲོལ་བཟང་བོ་གང་དེའི་རྩ་བ་གཅོད་པའི་ཉེར་འཚེ་རྩོམ་མཁན་ཁོ་ན་ཡིན་པས། ནོར་འཁྲུལ་འདིས་ཀྱང་ཚོགས་པ་དེའི་ཤེས་རྟོགས་དང་འཇོན་ནུས། ཕུགས་རྒྱང་སོགས་ཅི་ཙམ་ཡོད་མེད་ཅུང་ཟད་དཔགས་ཐུབ་ཀྱིན་མི་འདུག་གམ།
ཞེ་ཆེན་རབ་འབྱམས་ལ་དབུ་འཛིན་གྱི་གསོལ་བ་བཏབ་པས་ཁོང་གིས་གནང་བ་མ་ཐོབ་ཀྱང་། སྨོན་ལམ་ཚོགས་པས་བསྟན་དོན་ཆེད་དུ་ཕྱག་ལས་གནང་བས་ཆོག་ཨང་ཞེས་གསུངས་བྱུང་།
ཞེས་བཤད་འདུག་པར་ལྟོས་དང་། ཚོགས་པ་ཁོ་རང་སྤྱི་བའི་དབུ་འཛིན་ཡིན་པའི་ཟོལ་ཞིག་ཀྱང་མངོན་མི་འདུག་གམ། ད་ཡིན་ན། བལ་བོ་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཟེར་བའི་དཔེ་རུ་སོང་འདུག་པ་འདི་རེད།
ད་དུང་གནད་དོན་འདི་ཉིད་གསེད་བཀྲོལ་ཅུང་ཙམ་བགྱིས་ན། སྨོན་ལམ་ཚོགས་པ་ཞེས་པ་ལ་དེ་འདྲའི་དབང་ཆ་ཆེན་པོ་ཞིག་ཅི་ལ་ཡོད་པ་རེད། རྙིང་མ་སྤྱི་ཡོངས་ཀྱི་ལས་དོན་ཐག་བཅད་པའི་འགན་ཁུར་དེ་འདྲ་ཞིག་སུ་ཞིག་གིས་བྱིན་པ་རེད།
དབང་ཆ་ཆེན་པོ་ཞིག་ཐོབ་དགོས་ན་དཔལ་ཡུལ་མཆོག་སྤྲུལ་དབུ་འཛིན་ལ་འདུག་པ་དང་འདྲ་བར། མ་མཐའ་ནས་དགོན་ཁག་ཆེན་པོ་དྲུག་གིས་གསོལ་བ་བཏབ་ནས་ཡི་གེ་ཕུལ་ཏེ་ཞུ་བ་བྱས་པ་ཞིག་ཡིན་དགོས་ཤིང་། རྙིང་མའི་འདུས་སྡེ་སྤྱི་ཡོངས་ནས་ཁས་ལེན་ཐོབ་དགོས་པ་སྨྲོས་མེད་ཡིན་པས། དེ་ཡིན་ན་ཁོང་ཅག་ལ་དེ་ལྟར་གསོལ་བ་བཏབ་པའི་ཡི་གེ་གང་འདྲ་ཡོད་དམ།
འདིའི་སྔོན་ཙམ་ལ་སྨོན་ལམ་ཚོགས་པས་སྤེལ་བའི་སྔ་འགྱུར་རྙིང་མའི་དགོན་ཁག་དྲུག་དང་། དེའི་མཐུས་ཚབ་པ་ཡོངས་ཀྱིས་ཐག་བཅད་པ་ཡིན་ཞེས་པའི་ཡི་གེ་དེ་ལ་ཡིད་རྟོན་གང་ཡང་རུང་བ་མེད་པར་མ་ཟད། རྫུན་སྒྲིག་འབའ་ཞིག་ཡིན་ཏེ།
རྙིང་མ་སང་ལ་དེ་འདྲའི་མཐུན་ལམ་ཞིག་མེད་པ་བྱིས་པ་བསམ་མེད་ཚོས་ཀྱང་ཤེས་ཐུབ་པའི་ཚོད་ཙམ་ཞིག་ཡིན། དེ་འདྲ་ཞིག་སྨོན་ལམ་ཚོགས་པ་ཞེས་པ་དེས་འབྲི་ངེས་ཅན་ཡིན་ཞིང་། དེ་ལས་ཀྱང་ད་དུང་ཚོགས་པ་དེས་མཆོག་སྤྲུལ་ཁོང་ཉིད་དབུ་འཛིན་ལ་མི་འཇོག་རྒྱུར་ཐག་བཅད་པ་ཡིན་ཞེས་པའི་ཡི་གེ་ཞིག་མི་ཡོང་བའི་ངེས་པ་ག་ལ་ཡོད།
ད་དུང་དཔལ་ཡུལ་དར་ཐང་དགོན་གྱིས་བྲིས་པ་དེ་ཡང་དྲང་བདེན་གྱིས་ཐག་བཅད་པ་ཞིག་ཡིན་མི་སྲིད་དེ།
ད་ལྟ་དཔལ་ཡུལ་དགོན་པའི་འགན་དབང་ཡོངས་རྫོགས་རབ་བྱུང་ཐལ་མཐའ་བ་རེ་འགས་བཟུང་ཡོད་པ་ཡིན་ལ།
སྔོན་མར་རབ་སྔགས་རྩོད་པའི་སྐབས་ནས་ཀྱང་ཁོང་ཚོ་ཁ་ཤས་མཆོག་སྤྲུལ་ལ་ཁོང་ཁྲོ་ཆེན་པོ་ལངས་ཡོད་པས། ད་ཐེངས་ཀྱི་རྩོད་པ་འདི་ཁོང་ཚོ་ལ་མཚོན་ན་ངན་ལན་སློག་པའི་གོ་སྐབས་ཡག་ཤོས་ཞིག་ཡིན་པ་ཙམ་ལས་གཟུར་གནས་ཞིག་གང་ཡང་མིན་ནོ། །
མདོར་ན་སྨོན་ལམ་ཚོགས་པ་ཞེས་པ་སོགས་ཀྱི་མཚོན་མང་པོ་ཞིག་ནི་ཕྱོགས་ལྷུང་དང་གཟུར་གནས་མ་ཡིན་པའི་མི་ཤེས་ཚད་དམའ་བ་འགའ་ཞིག་གི་རྨོངས་ཀླད་ཀྱི་ནང་དུ་མགོ་འཁོར་གྱིན་ཡོད་པ་ཞིག་ལས་ཅི་ཡང་མིན་པ་ད་ཐེངས་འདིར་ཤེས་དགོས་པའི་གནད་དོན་གལ་ཆེ་ཤོས་གཅིག་ཡིན།
གཞན་ད་དུང་ཁྱེད་རང་ཚོས་དཔལ་མཆོག་སྤྲུལ་གྱིས་རང་གི་ཚོགས་པའི་མིང་ཐོག་ནས་རང་ཉིད་ཁྲི་འདོན་བྱེད་ཀྱིན་འདུག་ཅེས་ཧང་སང་མདོག་གིས་བཤད་པ་དེ་ངོ་མ་ཡིན་མི་སྲིད་ལ། གལ་སྲིད་ཡིན་དུ་ཆུགས་ན་ཡང་། དེ་ཁྱེད་ཚོ་ཧ་ལས་མདོག་བསྟན་པ་ནི་འཁྲབ་སྟོན་འབའ་ཞིག་ཡིན་ཏེ།
རྡོར་གདན་སྨོན་ལམ་ཚོགས་པ་དང་ཞེ་ཆེན་རབ་འབྱམས་སོགས་ཨ་མ་ནང་སྐོར་གྱིས་རྙིང་མའི་དབུ་འཛིན་སྐོས་བཞག་དེ་ཁོང་ཅག་གིས་གཅིག་གིས་གཅིག་ལ་ཁ་བཏགས་གཏོང་བ་བཞིན་ཕར་འཕེན་ཚུར་འཕེན་བྱེད་ཀྱིན་ཡོད་པ་དང་།
ད་ལྟ་རྡོར་གདན་སྨོན་ལམ་ཚོགས་པས་རང་ཉིད་དབུ་འཛིན་ཡིན་པའི་རྣམ་པ་བཟུང་ཡོད་པ་དང་། རྗེས་མའི་དབུ་འཛིན་སུ་ཞིག་བསྐོ་དགོས་མིན་གྱི་དབང་ཆ་སྒེར་གྱིས་བདག་བཟུང་བྱས་ཡོད་པ་སོགས་ནི། གཏམ་བརྒྱུད་ཀྱི་བརྗོད་ཐབས་མ་འདྲ་ཙམ་ལས་བརྗོད་གཞི་དང་རྒྱབ་ལྗོངས་གཅིག་པ་གཅིག་ཀྱང་རེད་མི་འདུག་གམ། གཟུར་གནས་མཁས་པ་དག་གིས་ལེགས་པར་དཔྱད་འཚལ།
༤
གཞན་ད་དུང་དཔལ་ཡུལ་མཆོག་སྤྲུལ་ཁོང་ཉིད་དབུ་བཞུགས་ལ་འདུག་པ་དེ་དགོན་པ་རེ་རེ་ནས་ཡི་གེ་རེ་རེ་དང་། བླ་མ་རེ་རེ་ནས་ངོས་ལེན་རེ་རེ་ཨེ་ཐོབ་ཀྱི་རེ་བ་བྱེད་དགོས་དོན་ཆེར་མི་འདུག་ལ།
དེ་བཞིན་དུ་ཀུན་གྱིས་རྩོད་མེད་ཡོངས་གྲགས་ཀྱིས་ངོས་ལེན་ཐོབ་པའི་དབུ་འཛིན་གཅིག་འཇིག་རྟེན་སྟེང་ན་ཕལ་ཆེར་མེད་ངེས་པའི་གནས་ལུགས་དང་། ལྷག་པར་རྙིང་མ་སང་ལ་ཡོད་མ་མྱོང་ཞིང་ཡོད་མི་སྲིད་པ་ཞིག་ཡིན་པས། དེ་དག་ལ་རེ་བ་ཅི་ཡང་བྱེད་དགོས་དོན་མེད་ལ།
དེ་ཚོས་ངོས་ལེན་བྱས་དང་མ་བྱས་པ་དེ་ཡང་དེ་འདྲའི་གནད་དོན་ཆེན་པོ་ཞིག་ཅི་ཡང་མ་མཐོང་། ངོས་ལེན་ཡི་གེ་ཟེར་བ་ནི་སུས་ཀྱང་གང་དྲན་དྲན་དུ་འབྲི་ཆོག་གིན་ཡོད་པས་དེས་མཐའ་གཅིག་ཏུ་དྲང་བདེན་ཡིན་པའི་ཚད་གང་ཡང་འཇལ་ཐུབ་ཀྱིན་མེད་པས།
མཐའ་ཡས་གཅིག་གིས་འཇིག་རྟེན་གསལ། །ཞེས་པའི་དཔེ་དང་འདྲ་བར། སྐྱབས་རྗེ་ཁངས་སར་བསྟན་པའི་དབང་ཕྱུག་གིས་གནང་བའི་དབུ་ཞྭ་དང་གསུང་གི་སྒྲ་ཟིན་དེ་དག་གིས་མ་ཆོག་པ་ཅི་ཞིག་ཡོད།
ལྷག་པར་སྐྱབས་རྗེ་ཁངས་སར་བརྟན་པའི་དབང་ཕྱུག་གིས་ངས་“ཁྱེད་རང་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཞེས་”གསུང་བའི་སྒྲ་ཟིན་ཞིག་ཡོད་པ་དེ་ཁོ་ནས་མཐུས་ཏེ། གསུང་དེ་དང་དབུ་ཞྭ་དེ་ནི་སྨོན་ལམ་ཚོགས་པ་དང་རྫ་ཚེ་བཀྲ་སོགས་ཀྱི་ཚད་ཙམ་ལས་མེད་པ་ཞིག་ག་ལ་ཡིན་ཏེ་ཡིན་མི་སྲིད་དོ། །
ད་དུང་བསམ་གཞིག་འདི་ལྟར་གཏོང་འོས་ཏེ། དཔལ་ཡུལ་མཆོག་སྤྲུལ་ཁོང་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོར་མངའ་གསོལ་གནང་མཁན་དེ་ཁངས་སར་བསྟན་པའི་དབང་ཕྱུག་ཡིན་པ་མིག་མཐོང་ལག་ཟིན་འདི་ཡིན་ཞིང་།
ད་ལྟ་དཔལ་ཡུལ་མཆོག་སྤྲུལ་ཁོང་ལ་ངོ་རྒོལ་བྱེད་མཁན་ཡོད་ཚད་ནི་དོན་གྱིས་ཁངས་སར་བསྟན་པའི་དབང་ཕྱུག་ལ་ངོ་རྒོལ་བྱས་པ་དང་གཅིག་པར་སོང་ཡོད་པའི་གནས་ལུགས་དེ་སེམས་ནས་ཡང་ཡང་དྲན་དགོས་ཞེས་སྐུལ་མ་ཞིག་ཀྱང་ཞོར་དུ་ཤོར་སོང་། བྱ་བྱེད་འདི་འདྲའི་སྟེང་ནས་ཀྱང་ཁོང་ཅག་གིས་ཤེས་རྨོངས་ཀྱི་ངོ་གདོང་ནག་པོ་མཐོང་ཙམ་བྱེད་ཀྱིན་མི་འདུག་ཨང་།
ཡང་གླེན་ནག་སྡུག་པ་ཅན་འགའ་ཞིག་གིས་ཁངས་སར་བསྟན་པའི་དབང་ཕྱུག་གིས་དེ་འདྲ་བྱེད་དོན་ནི་བླ་མ་སུ་ཞིག་གི་ཕྱག་ཡིག་ལ་རྟེན་ནས་དེ་ལྟར་བྱེད་དགོས་ཐུག་པ་རེད་ཅེས་དཔལ་ཡུལ་མཆོག་སྤྲུལ་ལ་དམའ་འབེབས་བྱེད་པར་རྩོམ་མོད།
དེ་ནི་དངོས་ནས་གནས་ལུགས་ཏིལ་འབྲུ་ཙམ་མི་ཤེས་པའི་བ་གླང་གི་རྟུལ་བཞུགས་འཆང་མཁན་འབའ་ཞིག་གི་སྐད་ཆ་ཡིན་ཏེ།
དོན་གྱིས་ན་ཁྱེད་ཀྱིས་སྔ་འགྱུར་རྙིང་མའི་བསྟན་པའི་ཀ་ཆེན་དུ་གྱུར་བའི་བླ་ཆེན་དག་གི་སྐུ་ཚེའེི་རྨད་བྱུང་ལོ་རྒྱུས་ལ་ནག་ཐིག་ཕབ་པ་ལས་འོས་མེད་དེ།
མི་ངོ་རྒྱུ་ངོར་བལྟས་ནས་སྤྲུལ་སྐུ་རྫུན་མ་བྱས་པ་རེད་ཅེས་ཁས་ལེན་བཞིན་ཡོད་པ་དང་།
མཐར་དེད་ན་མངོན་ཤེས་སོགས་གང་ཡང་མེད་མཁན། ཆོ་མིན་རིགས་མིན་བྱེད་མཁན་རྐྱང་རྐྱང་ཡིན་པར་བསྒྲུབ་ཀྱིན་ཡོད་པ་རེད།
སྐུར་འདེབས་འདི་འདྲ་བྱེད་པ་ལ་ཁྱེད་ཅག་ཉམ་ང་བག་ཚ་གང་ཡང་མེད་ངེས་ན་ཡང་། བདག་ནི་དངོས་ནས་དེ་ལྟར་ཞུ་ཕོད་པའི་ལོག་ལྟ་སྐད་གཅིག་ཙམ་ཡང་སྐྱེ་རྒྱུ་མི་འདུག་གོ
གཞན་ད་ད་དུང་སྤྱོད་པ་འཆལ་བོ་ཡིན་པ་དང་། བུད་མེད་བསྟེན་པ་དང་། ཤ་ཟ་བ་སོགས་ཀྱིས་དབུ་འཛིན་ལ་མི་འོས་པར་སྨྲ་བ་ནི།
སློབ་དཔོན་པད་མ་འབྱུང་གནས་ནས་རྗེ་འབང་ཉི་ཤུ་རྩ་ལྔ་སོགས་ལ་དོག་པ་ཟ་བ་ལས་མ་འདས་པས།
དོན་གྱིས་སྔ་འགྱུར་རྙིང་མ་སང་གི་བསྟན་པ་དངོས་མ་དེ་གང་འདྲ་ཞིག་ཡིན་པར་ངོས་མ་ཟིན་ཞིང་། ཐང་གི་རྡོ་བླངས་ཏེ་རང་གི་མགོར་བརྡུང་བ་ལས་མ་འདས་པས་ཐབས་རྡུགས་ཀྱི་ལས་སྟངས་འདི་འདྲ་བྱེད་མཁན་དག་ནི་རེ་ཞིག་སྟོང་སྙོམ་དུ་འཇོག་པ་ལས་བྱ་ཐབས་གང་ཡང་མེད་དོ། །
དེ་བས་སྤྲུལ་སྐུ་ངོས་འཛིན་སོགས་ཀྱི་ཐད་ནས་སྐྱབས་རྗེ་བདུད་འཇོམས་རིན་པོ་དང་། གྲུབ་དབང་པད་ནོར། ཁངས་སར་བསྟན་པོ་སོགས་དང་ཐད་ཀར་འབྲེལ་བ་དམ་ཟབ་ཏུ་འདུག་པ་དོན་དངོས་ཡིན་པས། དེ་ལ་ཐེ་ཚོམ་ཟ་བའི་གཏམ་སྤུ་ཉག་ཙམ་ཞིག་གུས་པས་ཤོད་ཐུབ་ཀྱིན་མི་འདུག་ལ།
མ་གཞི་དེ་ལྟར་ཁུངས་མེད་འཆལ་གཏམ་མང་པོ་སྒྲིག་པ་ནི་ཤེས་རབ་འཆལ་ཞིང་གཏམ་དང་བརྗོད་པས་ཕོངས་བ་ཤ་སྟག་གི་བྱ་སྟངས་ཡིན་པས། རང་གི་རིགས་མཐུན་སྐོར་ཞིག་ལ་མགོ་སྐོར་གཏོང་ཐུབ་པར་ངེས་མོད། ཤེས་ལྡན་གཟུར་གནས་སུ་ཞིག་གིས་དེར་དོན་སྣང་བྱེད་མི་སྲིད་པ་ཡིན།
དཔལ་ཡུལ་མཆོག་སྤྲུལ་ནི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་སང་གིས་ཐུགས་བརྩེ་ཟབ་མོས་གསོ་སྐྱོང་མཛད་པའི། རྫོང་སར་མཁྱེན་བརྩེ་སོགས་སྤྲུལ་སྐུ་མང་པོ་ཡོད་པའི་ནང་ནས་གཅིག་ཡིན་པས་གཞན་དང་མི་འདྲ་བའི་གདེང་ཚོད་ངེས་ཅན་ཡོད་ལ།
ཁོང་ཉིད་དབུ་འཛིན་ལ་བསྡད་ཀྱང་སྐྱེས་བུ་དམ་པ་ཐུགས་རྗེ་ཅན་དང་། སྐུ་བསོད་ཅན། མངའ་ཐང་ཅན། གཟི་བརྗིད་ཅན། འཕྲིན་ལས་ཅན་ཁོང་ཅག་གིས་སྨོན་ལམ་བདེན་ཚིག་གི་སྒྲ་དབྱངས་ཐེབས་ཤིང་། གདམས་ངག་དཀར་སང་གི་འོས་མས་གསོས་པའི་སེང་ཕྲུག་གཡུ་རལ་ཅན་ཞིག་ཡིན་པས། ཡིད་ཆེས་ངེས་ཅན་ཡོད་དོ། །
༥
ད་ནི་རྫ་ཚེ་བཀྲ་ཁྱེད་ལ་དོན་དང་ལྡན་པའི་གནས་ལུགས་མང་པོ་བར་བདོ་ངོ་སྤྲོད་ཀྱིས་ཚུལ་དུ་ཞུས་ཟིན་པ་ཡིན་པས་ཨེན་ཙམ་ཡིད་ཚིམ་པོ་བྱུང་ཡོད་པའི་རེ་བ་ཡོད་ལ།
ད་དུང་ངས་ཁྱེད་ལ་གསལ་འདེབས་ཉུང་ངུ་ཞིག་སྟེ་སེམས་གཏམ་ཡིན་ལ་བདེན་གཏམ་ཡང་ཡིན་པའི་གནས་ལུགས་གཞན་ཞིག་ཀྱང་གདམས་ངག་དམར་ཁྲིད་ཀྱི་ཚུལ་དུ་ངོ་སྤྲད་རྒྱུ་ཡོད་པས་དགའ་བ་སྒོམ་ཞིག་ཨང་།
ཁྱེད་ཀྱི་འདོད་པ་ལྟར་ན། ཐོབ་ཐང་དང་། མིང་ཆེན་པོ་གང་ཞིག་ཡིན་ཡང་རང་ལ་ཐོབ་པར་འདོད་ཚེ་གཞན་གྱིས་ཞུ་ཞིག་དང་ངོས་ལེན་དགོས་པའི་ལྟ་ཚུལ་སྲ་མཁྲེགས་ཀྱིས་ཆགས་ཡོད་པ་ཞིག་ཡིན་འདུག་ལ།
ལྷག་པར་དུ་ནང་བའི་ཚོགས་པ་གང་ཞིག་གི་དབུ་འཛིན་དང་དབུ་ཁྲིད། མིང་རྫིག་པོ་ཞིག་ཐོབ་དགོས་ན། ཚོགས་སྡེ་དང་དགོན་པ་གང་རུང་གི་ཡི་གེ་ཐེའུ་དང་བཅས་པ་ཞིག་མེད་ན་ཁས་ལེན་གྱིན་མི་འདུག་པ་དེ་འདྲ་ཞིག་རེད་འདུག
དེ་ལྟར་ན་འདི་ནས་ངས་ཁྱེད་ལ་ལྡོག་འདྲི་ཞིག་བྱེད་འདོད་བྱུང་སྟེ། ཁྱེད་ཀྱིས་རང་ཉིད་མཁན་པོ་ཡིན་ཞེས་སྨྲས་ཏེ་དེའི་མིང་ཐོག་ནས་ཚོགས་པ་མང་པོར་ཞུགས་ཞིང་། ཕྱག་ལས་མང་པོ་གནང་དང་གནང་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས། དེ་ན་ཁྱེད་རང་གི་མཁན་པོའི་ལག་རྟགས་དང་། ཡང་ན་ཁྱེད་རང་བླ་མ་སུ་ཞིག་གི་ཕྱག་ཡིག་ཐེའུ་ཅན་གྱིས་ཁྱེད་རང་མཁན་པོར་བསྐོས་པ་དང་། ཡང་ན་དགོན་པ་གང་གི་ཁྱེད་རང་མཁན་པོ་ཡིན་ཞེས་པའི་ངོས་ལེན་ཡི་གེ་ཅི་འདྲ་ཡོད་དམ།
ཐོག་མར་ཁྱེད་ཀྱིས་རང་གི་ཕོངས་རྐུབ་ཀྱི་དྲི་ཆེན་གཙང་མར་ཕྱིས་ནས། དེ་ནས་གཞན་ལ་དྲི་ངན་འདུག་ཅེས་སྨྲ་རོགས་གནང་ཞེས་རེ་སྐུལ་ཞིག་ཀྱང་འདི་ནས་ཞུས་པ་ཡིན།
དྲང་མོར་ལབ་ན། ཁྱེད་རང་སྔགས་པ་མ་རེད་ལ། གྲྭ་བ་ཡང་མ་རེད། སྤྲུལ་སྐུ་མ་རེད་ལ། མཁན་པོ་ཚད་ལྡན་ཞིག་དེ་བས་མ་རེད། ལྷག་པར་དུ་ཁྱེད་ཀྱི་མིང་དེ་བསླབ་གནས་ཀྱི་ཡོན་ཚད་ལས་ཐོབ་པའི་འོས་མིང་ཞིག་དེ་ལས་ཀྱང་མ་རེད།
གནས་ལུགས་འདིའི་སྟེང་ནས་དཔྱད་ན། ཁྱེད་རང་མིང་རྫུན་མ་དང་། ཐོབ་ཐང་རྫུན་མ་བེད་སྤྱད་བྱས་ནས་རྒྱ་བླ་རྫུན་མ་འཁྲབ་ཀྱིན་པའི་མི་ཞིག་ཡིན་པ་གསལ་བོ་རེད།
དེ་བས་རྩ་ཁྲིམས་དང་རྒྱུ་འབྲས་གཉིས་ཀྱི་མིག་ནང་ནས་ཁྱེད་རང་ནག་ཉེས་ཆེན་པོ་ཅན་གྱི་མི་ཞིག་རེད་ལ།
འཇིག་རྟེན་སྲིད་པའི་གཏམ་གྱི་བརྗོད་སྟངས་བྱས་ན། ཁྱེད་རང་རང་ངོ་ན་གཡག་འགྲོ་བ་མི་མཐོང་མཁན་དང་། གཞན་ངོ་ལ་ཤིག་ཡོད་མེད་བཙལ་མཁན་ཞིག་ཀྱང་རེད་འདུག་གོ ད་དེ་ཙམ་གྱིས་ཆོག་པར་བྱེད།
མཇུག་མཐར་ཁྱེད་ཀྱིས་མ་འོངས་པར་རང་ཉིད་ལ་ངོ་ཟིན་ཡག་པོ་ཐོབ་པའི་རེ་བ་ཡོད་ལ།
གཞན་ལ་ཁ་ཤོ་ཞེས་ངོ་འཚངས་འདྲི་འདོད་བྱུང་ན། ཐོག་མར་རང་ཉིད་ཁ་ཤོ་མིན་དགོས་པའི་ཆོས་ཉིད་ལ་ངེས་ཤེས་ཏོག་ཙམ་འདྲོངས་ཐུབ་པ་བྱུང་ན་ཅི་མ་རུང་ཨང་སྙམ་བྱུང་ངོ་། །བཀྲ་ཤིས་བདེ་ལེགས།
ཟུར་ཞུ།
ད་ནས་བཟུང་སྟེ་ང་རང་དགོས་མེད་ཀྱི་རྩོད་པ་འདིར་ཞུགས་ཁོམ་མེད།
ཡོན་ཏན་མ་བསླབ་པ་དེ་ལས་སྡུག་བསྔལ་ཆེ་བ་ཞིག་འཇིག་རྟེན་ན་མེད་པའི་གནས་ལུགས་དེ་ངས་ཁྱེད་ཀྱི་སྟེང་ནས་མཐོང་སོང་བས། ལོ་ན་གཞོན་ཚེར་དཔེ་ཀློག་དང་སློབ་སྦྱོང་ལ་འབད་དགོས་པའི་སྐུལ་མ་ཞོར་དུ་བྱུང་བར་བཀའ་དྲིན་ཆེ་ཞེས་ཀྱང་བརྗོད་ཆོག་འདུག
ཅེས་པ་འདི་ནི་གྲང་ངར་གྱིས་གཙེས་པའི་དགུན་དུས་ཞིག་ལ་དཔེ་ཀློག་གི་བྲེལ་ཟིང་བར་ནས་གཙུག་ལག་སྨྲ་སེང་ཞེས་འབོད་པ་གང་དེས་བྲིས་སོ། །