བླ་མ་དྲན་པའི་གདུང་ཚིགས།

丹貝旺旭法王與白玉秋竹師父合影

༼   བླ་མ་དྲན་པའི་གདུང་ཚིགས།   ༽

༄། །ང་ཡི་བླ་མ་ཁང་གསར་བསྟན་པའི་དབང་ཕྱུག་ཁྱེད་མཁྱེན་ནོ།
མཁྱེན་ནོ། མཁྱེན་ནོ།

ཁྱེད་ནི་ང་ཡིས་སྙིང་ནང་དུ་ནོར་བུ།
སེམས་ནང་གི་སྒྲོན་མེ།
འདུན་པ་གཏད་ས།
གསོལ་བ་འདེབས་པའི་ཡུལ།
སྐྱིད་སྡུག་ཅི་བྱུང་ཡང་ཞུ་ས་ཡིན།
བླ་མ་ཁྱེད་མཁྱེན་ནོ།

ཁྱེད་ནི་ང་ཡིས་མིག
ཁྱེད་ཀྱི་ཕྱག་ནི།
ང་གཡང་སར་ལྷུང་ན་འཇུ་ས་ཡིན།
ཁྱེད་ཀྱི་གདམས་ངག་ནི།
ང་ཡིས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་ཟབ་མོ་ཡིན།

ཁྱེད་ཀྱི་ཞལ་རས་ཀྱི་འཛུམ་མདངས་ནི།
ང་ཡིས་སེམས་སྟོང་པར་གྱུར་བའི་སྐབས་སུ་སེམས་གསོས་རོགས།
ཁྱེད་རེ་དྲན་དུས་མིག་ནས་མཆི་མ་རེ་འབབ་བཞིན་ཡོད།
ཁྱེད་ཀྱི་ལྷན་དུ་ཨ་མྲི་ཏ་འཐུང་བ་དྲན་དུས་སེམས་ནང་དུ་ལྷག་ཏུ་དགའ་ཡི་འདུག
ཁྱེད་ཀྱིས་ཞལ་ནས་གདམས་ངག་གསུངས་པ་དེ་དྲན་དུས།
ད་ལྟ་དཔའ་གདེང་རེ་བསྐྱེད་ཀྱིས་འདུག

ཁྱེད་ཀྱིས་ཉམ་ཆུང་སེམས་ཅན་མང་པོའི་སྲོག་བསྐྱབས་པའི་མཛད་བཟང་དྲན་དུས།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཁྱེད་མིན་ན་སུ་ཡིན་བསམ་པའི་ངེས་ཤེས་བསྐྱེད་འོང་གི་འདུག
ཁྱེད་ཀྱི་མཛད་པའི་གཞུང་བཟང་དེ་ཚོ་མཇལ་ཚེ།
གདོད་མའི་མགོན་པོ་དངོས་ནི།
ཁྱེད་ལོས་ཡིན་བསམ་ནས་བླ་མ་མི་རུ་ལྟ་བའི་ལོག་རྟོག་དེ་ཚོ་འགག་འགྲོ་གི་འདུག
བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན།

ཁྱེད་མི་མངོན་དབྱིངས་གང་འདྲ་ཞིག་ན་བཞུགས་ཡོད་ཀྱང་ཐུགས་རྗེའི་སྤྱན་གྱིས་གཟིགས།
ང་ཚོའི་གསོལ་འདེབས་ཁྱེད་ཀྱིས་གསན།
ང་ཚོའི་རྣམ་རྟོག་གང་འདྲ་ཞིག་ཡོད་ཀྱང་ཁྱེད་ཀྱི་ཐུགས་མཁྱེན་གྱི་ཡོད་པ་ང་ཚོས་ཡིད་ཆེས་བྱས་ནས་སྡད་ཡོད།
བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན།

ད་ནི་ཁྱེད་དྲན་གྱི་ཡོད།
གསོལ་བ་འདེབས་ཀྱི་ཡོད།
གདུང་དབྱངས་འབོད་ཀྱི་ཡོད།
ཕྱག་འཚལ་གྱི་ཡོད།
མཆོད་པ་འབུལ་གྱི་ཡོད།
བཀའ་དྲིན་དྲན་གྱི་ཡོད།
རེ་ས་ཁྱེད་ཡིན།
ཐུགས་རྗེའི་བྱིན་རླབས་མྱུར་དུ་བརྩོལ་ཤོག
ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་མཐའ་ནི་ནམ་མཁའི་མཐའ་ལྟར་འཛད་མེད་ཡིན་པ་ཡིད་ཆེས་ཡོད།
བླ་མ་མཁྱེན། མཁྱེན། མཁྱེན།

གསོན་ན་ཁྱེད་མཁྱེན། ཤི་ན་ཁྱེད་མཁྱེན།

ཞེས་པའང་གསོལ་འདེབས་འདི་འདྲ་ཞིག་ཁོ་བོས་སྔ་ཚེ་ནས་འབྲི་དགོས་སྙམ། འོན་ཀྱང་ལེ་ལོའི་དབང་གིས་ད་བར་ལྷག་ཐལ། སླར་ཡང་རྡོ་རྗེའི་མཆེད་གྲོགས་དམ་པ་བླ་མ་བློ་གྲོས་རིན་པོ་ཆེ་ནས་བསྐུལ་བྱུང་བཞིན་མགོན་པོའི་འབང་། དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༡༨ལ་ཕུལ།

རྒྱ་ཡིག  對師父的真情告白
དབྱིན་ཇིའི་ཡིག  True and Heartfelt Confession to my Guru
Youtube link