ང་ཆུང་དུས་འདི་འདྲ་ཞིག་འབྲི་མྱོང་། ཧ་ཧ།

Choktrul Facebook

༼ ང་ཆུང་དུས་འདི་འདྲ་ཞིག་འབྲི་མྱོང་། ཧ་ཧ། ༽

 

༄༅།། ཀུན་རྫོབ་དོན་དམ་མ་ཡིན་སྒྲིབ་པ་ལས་ལོག་ན།།
ཆོས་ཉིད་གནས་ལུགས་མི་རྙེད་བློ་འདས་ཀྱི་ཀློང་དུ།།
རིག་སྟོང་ཆོས་སྐུའི་བཞུགས་ཚུལ་ལྷན་སྐྱེས་ཀྱི་རང་ཞལ།།
ཕྱོགས་ཙམ་གོ་ཡུལ་ཤེས་པ་བླ་མ་ཡི་བཀའ་དྲིན།།

ཐོག་མེད་འགྲོགས་པའི་མ་རིག་ཀུན་རྟོག་གི་ཕག་ན།།
གཞི་རྒྱུད་བདེ་གཤེགས་སྙིང་པོ་གསང་ཚུལ་གྱིས་བཞུགས་པ།།
དམུས་ལོང་གླང་གཟུགས་འཇལ་བའི་དཔེ་ཟླ་རུ་མ་སོང་།།
རང་བྱུང་རིག་པའི་སྤྱན་གྱིས་གསལ་ལྷང་ངེར་མཐོང་བྱུང་།།

སྣང་དང་མི་སྣང་ལས་འདས་མཉམ་སྣང་གི་ཀློང་ན།།
བསམ་མི་ཁྱབ་པའི་བཀོད་པ་སྤྲོས་བྲལ་གྱི་དོན་དམ།།
བློ་དང་བློ་འདས་བར་ནས་རང་བྱུང་གི་ཡེ་ཤེས།།
ད་ལྟའི་བུ་ཆུང་ཤེས་པའི་རྣམ་པ་རུ་བཞུགས་ལགས།།

མཐའ་བཞིའི་ངོ་བོ་མ་གྲུབ་ཀ་དག་གི་སྟོང་པ།།
དམིགས་གཏད་འཛིན་པས་མ་བཅིངས་ལྷུན་གྲུབ་ཀྱི་སྒྲོན་མེ།།
མངོན་སུམ་མིག་གི་ལམ་ནས་ཆོས་ཉིད་ཀྱི་རང་མདོག།
གཞོན་ནུ་བདག་གིས་མཇལ་སྙམས་དགའ་སྤྲོ་རང་འཕེལ་སོང་།།

གྲངས་མེད་བསྐལ་བར་སྒྲུབ་པའི་བྱང་ཆུབ་ཀྱི་གོ་འཕང་།།
བྱས་ཡུས་རྣམ་གྲངས་བགྲང་བའི་སྡུག་གཏམ་ནི་མ་དགོས།།
སྒོམ་དང་མི་སྒོམ་ལས་འདས་སྒོམ་མེད་ཀྱི་རྫོགས་ཆེན།།
སྙིང་ལ་ལྷག་གེར་ཤར་བ་སྐལ་བ་རེ་བཟང་ངོ་།།

སྐྱབས་ཀུན་འདུས་ཞལ་རིགས་བདག་གྲུབ་དབང་ནི་བླ་མར།།
སངས་རྒྱས་མངོན་སུམ་མཐོང་བའི་ཁྱེད་ཤེས་ཀྱི་དད་པས།།
བུ་ཆུང་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ལ་རེམ་པས།།
དོན་བརྒྱུད་དགོངས་པའི་བྱིན་རླབས་ལྷག་ལྷག་ཏུ་ཐོབ་སྙམས།།

དེ་དུས་ཤེས་ཐོག་རིག་པ་རྗེན་པ་རུ་བུད་དེ།།
སྟོང་བའི་རང་མདངས་གསལ་བའི་ཉམས་སྣང་ལ་མ་ཞེན།།
དེ་རྟགས་སྐྱ་མིན་སེར་མིན་སྤྱོད་པ་འདི་བསྐྱངས་ཚེ།།
ཀུན་གྱིས་མཐོང་ཆུང་བྱེད་འདི་དོན་ཆེན་ཞིག་ཡོད་ལགས།།

བདེན་ཞེས་ཚད་མའི་བློ་དེ་གཟུང་འཛིན་ལས་མ་འདས།།
ཡིན་ཞེས་ངེས་པའི་ཤེས་པ་དམིགས་གཏད་དང་མ་བྲལ།།
སྒྲོ་འདོགས་ཆོད་པའི་ལྟ་བ་རྣམ་རྟོག་གི་རང་བཞིན།།
བྱར་མེད་ཁ་ཡན་མི་ཀློད་ཀ་མེད་ཅིག་བྱུང་སོང་།།

དཔྱད་སྒོམ་སྟོང་པར་གོ་བ་མེད་རྐྱང་གི་མཐར་ལྷུང་།།
འཇོག་སྒོམ་གསལ་བའི་མོས་པ་རྟག་འཛིན་གྱི་བསུན་མ།།
རང་ལས་རང་བྱུང་ལྷན་སྐྱེས་ཡེ་ཤེས་ནི་མཇལ་དཀའ།།
ཚིག་ཚོགས་བྱ་སྤྱོད་མང་ན་དགོས་པ་ཅང་འདུག་གམ།།

འཇམ་དཔལ་ཡེ་ཤེས་སེམས་དཔའི་མཐའ་ཀླས་ཀྱི་བཀོད་པ།།
མཁའ་ལ་རི་མོ་བྲིས་འདྲའི་གསལ་སྣང་གི་ཀློང་ནས།།
དོན་དམ་ལྟ་བའི་རང་ཞལ་རིག་སྟོང་གི་འཇམ་དཔལ།།
མཇལ་རྒྱུའི་སྐལ་ལྡན་ཡོད་ན་སྐྱིད་པོ་རང་འདུག་གོ།

ཕར་ཉུག་ཚུར་ཉུག་བྱེད་པའི་ཡན་ཤོར་གྱི་སེམས་འདི།།
བྱ་བྱ་བྱེད་བྱེད་མ་མང་རང་བབས་ལ་ཀློད་ནས།།
འཚོལ་མཁན་བཙལ་ཡུལ་གཉིས་ཀ་རང་སེམས་གཅིག་ཁོ་ན།།
ཧད་པོར་ཅེར་ནས་སྡོད་དང་གོ་རྒྱུ་ཞིག་ཡོད་དོ།།

མཆོག་སྤྲུལ་སྨྱོན་པས་སྤྱི་ལོ་༡༩༩༨ཟླ་༦ཚེས་༡༥ལ།

རྒྱ་ཡིག  世俗相外 勝義無有
བརྒྱུད་བསྐུར།   Facebook

མཆོག་སྨྱོན་པའི་ནམས་མགུར།