Dudjom Rinpoche, Dilgo Khyentse Rinpoche and Chatral Rinpoche
**རང་ཉིད་ཆུང་དུས་ཀྱི་རྩོམ་ཞིག་སྟེ།**བློ་བདེ་གུ་ཡངས་ཀྱི་མགུར་མ་ཞེས་པ་འདི་དེ་རིང་ཡིག་ཉོབ་ཀྱི་ཁྲོད་ནས་རྙེད་བྱུང་བ་སླར་ཡང་འཕྲུལ་ཡིག་ཏུ་བཏབ་པའོ།།
༄། །གདོད་ནས་སྐྱེ་བ་མེད་པའི་དངོས་པོའི་གཤིས་ཉིད།། རང་བཞིན་འགགས་པ་མེད་པ་གཞི་ཡི་བཞུགས་ཚུལ།། བལྟས་པས་མཐོང་བ་མེད་པ་ལྟ་བའི་རྒྱལ་པོ།། འགྲོ་འོང་ལས་འདས་ད་ལྟའི་ཤེས་པ་འདི་ཀ།
གཟུང་ཡུལ་འཛིན་སེམས་ལྟོས་བཞག་ངོས་ལ་གང་བཞག། ངེས་དོན་ཟབ་ཞི་སྤྲོས་བྲལ་ཇི་ལྟར་མཇལ་ན།། གཞི་མེད་རྩ་བྲལ་མཉམ་པ་ཆོས་སྐུའི་ཀློང་ན།། བདེན་རྫུན་ལས་འདས་རེ་དོགས་མ་དགོས་ཀུན་བཟང་།།
མཆོད་ཡུལ་ཞིང་དང་སྨད་པའི་སྡུག་བསྔལ་འཁོར་བ།། ཡིན་པར་གྲུབ་པ་མི་འདུག་སེམས་ཀྱི་རང་རྩལ།། དེ་ལ་སྤང་བླང་མ་དགོས་ངོ་ཤེས་ཙམ་ནས།། རང་ཤར་རང་གྲོལ་ངང་ནས་རྗེན་པར་བཞུགས་མཛོད།།
གདོད་ནས་ལྷན་སྐྱེས་ཀུན་བཟང་ཆོས་སྐུའི་རང་ཞལ།། ཡིན་པའི་ཡོད་ཚུལ་མིན་པའི་མེད་ཚུལ་མ་དགོས།། གང་ལྟར་ལྟར་དུ་མ་བཅོས་ལམ་ལ་ཐོངས་དང་།། བྱར་མེད་མགོན་པོ་དཀའ་བ་མེད་པར་རྟོགས་སྐད།།
མཐའ་བཞི་ཡོད་མ་མྱོང་བའི་བློ་འདས་རྫོགས་ཆེན།། ཚད་མས་སྒྲུབ་དགོས་མི་འདུག་ཡེ་གཞིའི་ཡིན་ལུགས།། སྣང་སྟོང་འདུ་འབྲལ་མེད་པའི་གནད་ལ་ཕེབས་ན།། རིགས་པས་འགལ་སྤོང་མ་དགོས་ཟུང་འཇུག་རོ་གཅིག།
ཡོད་ལ་ཡོད་འཛིན་མ་ཞུགས་སྣང་བ་ཀུན་རྫོབ།། མེད་ལ་མེད་འཛིན་མ་བཞུགས་བདེན་མེད་དོན་དམ།། སྟོང་དང་རྟེན་འབྱུང་ལྟོས་ནས་མ་བཞག་རོ་གཅིག། ཡིན་ཡིན་མིན་མིན་འདྲ་བའི་གྲུབ་མཐར་མི་རེ།།
མཁའ་ལྟར་དག་པའི་རྒྱ་ཆད་ཕྱོགས་བྲལ་རིག་པ།། གང་ལ་འཛིན་པ་མེད་པ་གང་བྱུང་ཅི་ཤར།། རང་ཤར་རང་སར་གྲོལ་བའི་ཁ་ཕོ་མིན་ཏེ།། རང་ཤར་རང་རིག་ངང་དུ་བློ་བདེ་ཡིན་ཁུལ།།
གཟུགས་མཐོང་ལྷ་རུ་ཤེས་པའི་བསྐྱེད་རིམ་མེད་ཀྱང་།། མཐོང་ཚད་རིག་པར་རྟོགས་པའི་ལམ་ཞིག་རྙེད་བྱུང་།། སྒྲ་གྲགས་སྔགས་སུ་གོ་བའི་བཟླས་དམིགས་མེད་ཀྱང་།། སྒྲ་སྐད་རང་གྲོལ་ངག་གི་རྩ་མདུད་ཕྱེས་སོང་།།
དྲན་རྟོགས་རང་སར་དག་པའི་རྫོགས་ཆེན་པ་མིན།། རྣམ་རྟོག་ཆོས་སྐུར་གྲོལ་བའི་ཕྱག་ཆེན་པ་མིན།། འོན་ཀྱང་ད་ལྟའི་ཤེས་པ་གསལ་རིག་འདི་ཀ། ཀ་དག་ཀློང་ན་དེ་ཞེས་བརྗོད་ཡུལ་བྲལ་ཐལ།།
བདེ་གསལ་མི་རྟོག་ཉམས་ཞིག་ཡོད་ན་ཐང་གི། ཚོར་བར་གཟུང་འཛིན་མ་ཞུགས་མཆོག་སྤྲུལ་སྨྱོན་པ།། བླ་མའི་མན་ངག་སྲོག་ལས་གཅེས་པར་བཟུང་ནས།། ངེས་མེད་གནས་སུ་རིས་མེད་སྤྱོད་པས་དུས་འདའ།།
སྐྱ་མིན་སེར་མིན་བསྟན་པའི་བླ་བཙོང་ཟེར་ཡང་།། རང་གི་སེམས་ལ་བསྟན་པའི་རྨིང་གཞི་བརྩིགས་ཡོད།། མདོ་མེད་སྤྲུལ་གོ་བླ་གོ་མ་ཆོད་ཟེར་ཡང་།། ལས་འབྲས་དཔང་པོ་བྱས་པའི་གོ་ཞིག་ཆོད་ཡོད།།
ཐོས་དོན་ཁ་ལ་ཁྱེར་བའི་ཚིག་སྐམ་ཟེར་ཡང་།། ཞུས་པའི་ཆོས་ལ་བསམ་བྱུང་སྒྲོ་དོགས་ཆོད་ཡོད།། ལྟ་བ་མཐོ་སྐད་ནག་པོ་ཁ་འབྱམས་ཟེར་ཡང་།། རིག་འཛིན་གོང་མའི་རྗེས་སུ་འཇུག་ཁུལ་ཡིན་ལགས།།
གསོན་ན་དགའ་སྟེ་འདོད་ཡོན་ལོངས་སྤྱོད་ངོམས་མེད།། ཤི་ན་དགའ་སྟེ་སྐྱེ་མེད་འགགས་མེད་ངས་རྟོགས།། འགྲོ་འོང་ཆོས་ལ་རེ་དོགས་དགག་སྒྲུབ་མི་བྱེད།། གང་འགར་འཇོག་གོ་དགའ་འོ་སྐྱིད་དོ་ཨ་ཧོ།།
ཞེས་པའང་མཁན་དགའ་རབ་རྡོ་རྗེའི་ངོར་དཔལ་ཡུལ་མཆོག་སྤྲུལ་སྨྱོན་པས་གང་ཤར་ཐོལ་བྱུང་དུ་སྨྲས། སྤྱི་ལོ་༡༩༩༧ཟླ་༤ཚེས་༡༠ལ།
པདྨ་རིག་འཛིན་ནས་མགུར།
[audio m4a=“https://choktrul.org/wp-content/uploads/2020/12/予堪布噶拉-班瑪仁真唱誦.m4a”][/audio]
རྒྱ་ཡིག 予堪布噶拉
བརྒྱུད་བསྐུར། Facebook མཆོག་སྨྱོན་པའི་ནམས་མགུར།