ཧ་ཅང་བླ་མ་དྲན་པའི་གདུང་དབྱངས།

PenorRinpoche

༼ ཧ་ཅང་བླ་མ་དྲན་པའི་གདུང་དབྱངས། ༽

༡༽
༄། །འཇིག༵ས་མེ༵ད་ཐུབ༵་པའི་བསྟན༵་ལ་སྙིང་སྟོབས་ཅན།།
བཤ༵ད་སྒྲུབ༵་ལས་ཀྱི་མཛད་བཟང་རྨད་དུ་བྱུང་།།
ཆོས༵་ཀྱི༵་སྒྲ༵་དབྱང༵ས་གོ་ལའི་ཁྱོན་འདིར་ཁྱབ།།
མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས།།

༢༽
མ་ནོར་ལམ་བཟང་སྟོན་པའི་འདྲེན་མཆོག་སྟེ།།
སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན།།
ཁོ་བོའི་རིགས་བདག་གྲུབ་དབང་བླ་མ་མཆོག།
ཡང་ཡང་དྲན་ཞིང་གསོལ་བ་སྙིང་ནས་འདེབས།།

༣༽
ཉོན་མོངས་སྐྱེས་ཚེ་བཀའ་བཀྱོན་གནང་བ་དྲན།།
དགེ་སེམས་སྐྱེས་ཚེ་གསུང་བཟང་གནང་བ་དྲན།།
རེ་དོགས་སྐྱེས་ཚེ་གདམས་ངག་གནང་བ་དྲན།།
ཡང་ཡང་དྲན་ནོ་རྩ་བའི་བླ་མ་ཀྱེ།།

༤༽
ཆུང་ངུའི་དུས་སུ་བརྩེ་བའི་ཕྱག་གིས་བསྐྱངས།།
བར་དུ་ཆོས་དང་འཇིག་རྟེན་ལམ་བཟང་བསྟན།།
ཐ་མར་ཐུགས་ཀྱི་དགོངས་པའི་གཏད་རྒྱ་ཐོབ།།
མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས།།

༥༽
སུ་དང་འགྲོགས་ཀྱང་བསམ་བཟང་ངང་གིས་འཕེལ།།
ཕྲག་དོག་བསྐུར་འདེབས་ལས་ངན་མི་གསོག་པར།།
སེམས་ལ་ཆགས་སྡང་ཅུང་ཟད་ཞི་བ་འདི།།
བླ་མའི་དྲིན་ཡིན་བླ་མར་གསོལ་བ་འདེབས།།

༦༽
རྗེ་ཉིད་གང་དུ་བཞུགས་དང་འབྱོན་པའི་སར།།
ངུར་སྨྲིག་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར།།
ཁྱེད་ཀྱི་ཐུགས་བསྐྱེད་གཞན་ལས་ཁྱད་དུ་འཕགས།།
བསམ་ཞིང་བསམ་ཞིང་ཁྱེད་ལ་གསོལ་བ་འདེབས།།

༧༽
དགེ་འདུན་ཁྲི་ཕྲག་མང་པོའི་གནས་མལ་དང་།།
ལྟོ་གོས་ཆོས་སོགས་ཁྱེད་ཉིད་གཅིག་པུས་བསྒྲུབས།།
བསྟན་འགྲོའི་དོན་དུ་སྲོག་ཀྱང་འདོར་ནུས་པའི།།
རྨད་བྱུང་མཛད་པ་དྲན་བཞིན་གསོལ་བ་འདེབས།།

༨༽
མདོ་སྔགས་ལམ་ཀུན་གནད་བསྡུས་གཅིག་དྲིལ་ན།།
ཉམས་ལེན་བླ་མའི་རྣལ་འབྱོར་ཁོ་ན་ཞེས།།
ཞལ་ནས་ཡང་ཡང་གསུངས་པ་སྙིང་ནས་དྲན།།
རེ་ས་ཁྱེད་ཉིད་ཡིན་ནོ་གསོལ་བ་འདེབས།།

༩༽
ཐོས་པ་མང་ཡང་རང་རྒྱུད་མ་གྲོལ་ན།།
ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།།
དྲན་རྒྱུ་མ་མང་གསུངས་པ་ཡང་ཡང་དྲན།།
དཀོན་མཆོག་གཅིག་འདུས་ཁྱེད་ལ་གསོལ་བ་འདེབས།།

༡༠༽
སུ་དང་གང་ལ་བརྩེ་བའི་སེམས་མཆོག་བསྐྱེད།།
གཞན་དོན་མེད་ཀྱང་གནོད་པའི་རྒྱུར་མ་འཇུག།
ཕྲག་དོག་འགྲན་སེམས་མ་བྱེད་གསུངས་པ་དྲན།།
མིག་ནས་མཆི་མ་འདོན་བཞིན་གསོལ་བ་འདེབས།།

༡༡༽
ཁྱེད་ཀྱི་སྐུ་ཡི་གམ་དུ་སྡོད་པའི་ཚེ།།
ཆགས་སོགས་ཉོན་མོངས་འཕྲལ་དུ་ཞི་བ་དང་།།
དད་སོགས་ཡོན་ཏན་ངང་གིས་འཕེལ་མཐོང་ནས།།
ཁྱེད་འདྲའི་བླ་མ་སྲིད་འདིར་དཀོན་པར་ཤེས།།

༡༢༽
སྣང་སེམས་རོ་གཅིག་འདྲེས་པའི་དགོངས་པ་ཡིས།།
རྫུ་འཕྲུལ་གྲུབ་རྟགས་མངོན་ཤེས་ཐོགས་པ་མེད།།
འཆི་བ་སྐྱོབ་དང་ནད་པ་གསོ་བ་སོགས།།
མཛད་སྤྱོད་བསམ་ལས་འདས་ལ་གསོལ་བ་འདེབས།།

༡༣༽
ཚུལ་ཁྲིམས་གཙང་ཞིང་སྙིང་རྗེས་ཐུགས་རྒྱུད་བརླན།།
ཀ་དག་མངོན་གྱུར་སྣང་བཞི་ཟད་སར་ཕྱིན།།
གདོད་མའི་མགོན་པོ་གྲུབ་དབང་བླ་མ་ལ།།
ཐུགས་ཡིད་གཅིག་འདྲེས་ངང་ནས་གསོལ་བ་འདེབས།།

༡༤༽
སྐྱེ་བའི་དུས་སུ་ཁྱེད་ཉིད་མ་དྲན་ཡང་།།
ད་ནས་འབྱུང་གཞི་རྒུད་དང་ནད་ཀྱིས་ཟིན།།
ནམ་ཞིག་འཆི་བའི་དུས་ལ་བབས་དུས་སུ།།
ཁྱེད་ལ་གསོལ་བ་འདེབས་བཞིན་འཆི་ནུས་ཤོག།

༡༥༽
འཇིགས་རུང་བར་དོའི་འཕྲང་ལ་འགྲིམ་པའི་ཚེ།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས།།
སྔར་འདྲིས་གྲོགས་དང་འཕྲད་ལྟར་དགའ་ཚོར་ངང་།།
སྣང་བ་བླ་མར་འཆར་བར་བྱིན་གྱིས་རློབས།།

༡༦༽
མདོར་ན་སྐྱེ་བ་ཚེ་རབས་ཐམས་ཅད་དུ།།
ཁྱེད་དང་མི་འབྲལ་ཁྱེད་ཀྱིས་རྗེས་བཟུང་ནས།།
དོན་གཉིས་ལྷུན་གྲུབ་ཕུན་ཚོགས་དཔལ་ཡོན་ལྡན།།
འགྲོ་བ་འདྲེན་པའི་མགོན་དུ་བདག་གྱུར་ཅིག།

ཅེས་པའང་འདྲེན་མཆོག་དགྱེས་པའི་འབངས་ཐ་ཤལ་པ་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་2020ཟླ་9ཚེས་29ལ་ཕུལ།

 

མཁན་པོ་པདྨ་ཆོས་འཕེལ་ནས་མགུར་བླངས།

མཁན་པོ་པདྨ་ཆོས་འཕེལ།

 

ལེན་མཁན། པདྨ་ལྷ་མོ།

པདྨ་ལྷ་མོ།

 

པདྨ་རྫོང་མཁན་པོ་དཀར་འཛོམ་ནས་མགུར་བླངས།

མཁན་པོ་དཀར་འཛོམ།

 

ཁྲོ་མཐའ་ཇོ་མོ་ཡེ་ཤེས་སྒྲོལ་མ་ནས་མགུར་བླངས།

ཡེ་ཤེས་སྒྲོལ་མ།

 

པདྨ་རིག་འཛིན་ནས་མགུར།

པདྨ་རིག་འཛིན་།

 

ལེན་མཁན། ཞུས་ལེ་ཐོང་།

ཞུས་ལེ་ཐོང་།

 

རྒྱ་ཡིག 太想念師父了

རྒྱ་ཡིག 太想念师父了

དབྱིན་ཇིའི་ཡིག Guru I Miss You Too Much