༼ ༡ ༽ ༧སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ།

第二世敦珠法王·吉札耶谢多杰仁波切 ༄། །ཆུང་ངུའི་དུས་ནས་ཨོ་རྒྱན་དངོས་སུ་མཇལ།། བཀའ་གཏེར་གཉིས་ཀྱི་བསྟན་པ་ཕྱོགས་བཅུར་སྤེལ།། སྐལ་ལྡན་རྗེས་བཟུང་འབྲེལ་ཚད་དཔལ་རིར་ཁྲིད།། ཡེ་ཤེས་རྡོ་རྗེའི་རྣམ་ཐར་བསམ་ལས་འདས།།

༼ ༢ ༽ ༧སྐྱབས་རྗེ་རབ་གསལ་ཟླ་བ་རིན་པོ་ཆེ།

頂果欽哲法王 ༄། །མདོ་ཁམས་ཡུལ་དུ་སྐུ་ཡི་སྐྱེ་བ་བཟུང་།། རྒྱ་བལ་འབྲུག་དང་ཤར་ནུབ་རྒྱལ་ཁམས་སུ།། དབང་ལུང་ཁྲིད་དང་ཟབ་ཆོས་ཅི་དགར་འགྱེད།། རབ་གསལ་ཟླ་བའི་བཀའ་དྲིན་བརྗོད་མཐའ་བྲལ།།

༼ ༣ ༽ ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ།

第三世貝諾法王 ༄། །རང་དོན་སྤངས་ནས་སྐུ་ཚེ་ཧྲིལ་བོ་རུ།། བསྟན་དང་འགྲོ་བའི་དོན་ཆེན་ཁོ་ན་མཛད།། མ་འདྲིས་ཀུན་གྱི་མཛའ་བཤེས་མཆོག་གྱུར་པ།། གྲུབ་དབང་བླ་མ་རིགས་ཀྱི་བདག་པོར་ཐོབ།།

༼ ༤ ༽ ༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ།

夏扎法王·桑傑多吉仁波切 ༄། །ཉམ་ཆུང་སེམས་ཅན་སྲོག་གི་འཇིགས་ལས་བསྐྱབས།། དུས་འདིར་དཀར་ཟས་སྲོལ་གཏོད་གཞན་དོན་མཛད།། ཀུན་སྤང་ཡོངས་ཀྱི་རྒྱལ་པོ་རྫོགས་ཆེན་པ།། སངས་རྒྱས་རྡོ་རྗེ་སངས་རྒྱས་ཀུན་དང་མཉམ།།

༼ ༥ ༽ ༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ།

第四世多智欽·土登成利華桑波仁波切 ༄། །སྙིང་ཐིག་བསྟན་པའི་བདག་པོ་རྡོ་གྲུབ་པ།། གསེར་རྟར་སྐུ་འཁྲུངས་གཡུ་ཁོག་བླ་མ་བསྟེན།། དབང་ལུང་རྒྱུན་སྤེལ་འགྲོ་དོན་བསམ་མི་ཁྱབ།། བླ་མ་དམ་པའི་སྐུ་ཚེ་བརྟན་པར་ཤོག།

༼ ༦ ༽ མཁན་ཆེན་འཇམ་དབྱངས་རྡོ་རྗེ།

紐修堪欽·蔣揚多吉仁波切 ༄། །བློ་གྲོས་བཤད་སྒྲུབ་ཉི་མ་རིགས་བདག་བཟུང་།། རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར།། འབྲེལ་ཚད་ཐར་བའི་ལམ་ལ་བཀོད་མཛད་པ།། མཁན་ཆེན་འཇམ་དབྱངས་རྡོ་རྗེར་གསོལ་བ་འདེབས།།

༼ ༧ ༽ ༧སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ།

法王如意寶·晉美彭措 ༄། །རྟོགས་པས་བདག་གྲོལ་ཐུགས་རྗེས་གཞན་རྒྱུད་འགྲོལ།། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན།། འབྲེལ་ཚད་བདེ་ཆེན་ཞིང་དུ་ཁྲིད་མཛད་པ།། འཇིགས་མེད་ཕུན་ཚོགས་འདྲ་བའི་བླ་མ་དཀོན།།

༼ ༨ ༽ ༧སྐྱབས་རྗེ་ལྷ་སྤྲུལ་གར་དབང་ཉི་མ་རིན་པོ་ཆེ།

第三世喇智法王·鄔金尕昂尼瑪仁波切 ༄། །ཉེས་བྱས་ཕྲ་མོ་ཙམ་གྱིས་མ་གོས་ཞིང་།། གཞི་གསུམ་བསྟན་པའི་རྒྱལ་མཚན་ཞིང་འདིར་བསྒྲེངས།། ངུར་སྨྲིག་འཛིན་པ་ཀུན་གྱི་མཆོག་གྱུར་པ།། ལྷ་སྤྲུལ་གར་ཉི་སྐུ་ཚེ་བརྟན་པར་ཤོག།

༼ ༩ ༽ ༧སྐྱབས་རྗེ་བསྟན་པའི་དབང་ཕྱུག་རིན་པོ་ཆེ།

康薩文智丹貝旺旭仁波切 ༄། །ཀ་དག་རིག་སྟོང་དགོངས་པ་མངོན་དུ་གྱུར།། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐའ་རུ་ཕྱིན།། དོན་དམ་རང་ངོ་སྤྲོད་པའི་བླ་མ་མཆོག། བསྟན་པའི་དབང་ཕྱུག་སྤྱི་བོའི་རྒྱན་དུ་བཞུགས།།

༼ ༡༠ ༽ ༧སྐྱབས་རྗེ་ཨ་ཁྱུག་རིན་པོ་ཆེ།

喇嘛阿秋仁波切 ༄། །སྣང་བ་ཐམས་ཅད་སྐུ་དང་ཞིང་དུ་གཟིགས།། གདུལ་བྱ་རྗེས་བཟུང་སྣང་བཞི་མཐའ་རུ་ཕྱིན།། གྲུབ་པས་ས་ཁེངས་དགེ་འདུན་ཕྱོགས་བཞིར་ཁྱབ།། ཨ་ཁྱུག་བླ་མའི་འཕྲིན་ལས་དོ་ཟླ་མེད།།

༼ ༡༡ ༽ ༧སྐྱབས་རྗེ་མཁན་ཆེན་པདྨ་བློ་གྲོས་རིན་པོ་ཆེ།

堪欽班瑪洛珠仁波切 ༄། །ངེས་པའི་དོན་དུ་དྲི་མེད་བཤེས་གཉེན་ཏེ།། གདུལ་བྱའི་སྣང་ངོར་མི་ཡི་ཤ་ཚུགས་ཅན།། རྫོགས་ཆེན་སྙན་བརྒྱུད་མན་ངག་འཆང་པ་པོ།། མཁན་ཆེན་པད་བློ་སྐུ་ཚེ་བརྟན་པར་ཤོག།

༼ ༡༢ ༽ ༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ།

佐欽白瑪格桑法王 ༄། །འཆད་ལ་ཟླ་མེད་རྡོ་རྗེའི་ལྗགས་ལ་དབང་།། རྩོད་ལ་འགྲན་མེད་མི་འཇིགས་ང་རོ་སྒྲོག། རྩོམ་ལ་དོ་མེད་སྣང་སྲིད་དཔེ་ཆར་ཤར།། པདྨ་སྐལ་བཟང་སྐུ་ཚེ་བརྟན་པར་ཤོག།

༼ ༡༣ ༽ ༧སྐྱབས་རྗེ་འཕྲིན་ལས་ནོར་བུ་རིན་པོ་ཆེ།

聽列諾布仁波切 ༄། །ཀློང་ཆེན་རབ་འབྱམས་མི་ཡི་གཟུགས་སུ་སྣང་།། བརྟུལ་ཞུགས་སྤྱོད་པས་མ་ཚོགས་དབང་དུ་བསྡུས།། བདུད་འཇོམས་ཟབ་གཏེར་འཛམ་གླིང་ཀུན་ཏུ་སྤེལ།། འཕྲིན་ལས་ནོར་བུས་རྟག་ཏུ་ཐུགས་རྗེས་གཟིགས།།

༼ ༡༤ ༽ ༧སྐྱབས་རྗེ་མཁན་པོ་མུན་སེལ།

堪布門色仁波切 ༄། །ངག་གི་དབང་པོའི་དོན་རྒྱུད་དགོངས་པ་ཐོབ།། རྫོགས་པ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར།། མདོ་སྨད་ལྗོངས་སུ་སྙིང་ཐིག་བསྟན་པ་སྤེལ།། མཁན་ཆེན་མུན་སེལ་ཞབས་ལ་གསོལ་བ་འདེབས།། དོན་རྒྱུད་དགོངས་པའི་བྱིན་རླབས་འཕོ་བ་དང་།། ཚེ་འདིར་བརྟེན་ས་ཟིན་པར་བྱིན་གྱིས་རློབས།།

༼ ༡༥ ༽ དགེ་རྒན་ཚང་མཁན་པོ་བསྟན་འཛིན་བཟང་པོ།

堪布丹真桑布 ༄། །ནམ་མཁའི་རྣལ་འབྱོར་མི་ཡིས་རྫུ་ལ་རོལ།། ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཡིས།། བསྟན་པ་སྤེལ་ཞིང་བསྐལ་ལྡན་རྗེས་སུ་བཟུང་།། མཁན་པོ་བསྟན་འཛིན་བཟང་པོར་གསོལ་བ་འདེབས།།

མགོན་པོ་གང་གི་དངོས་སློབ་མཆོག་སྤྲུལ་ཆོས་ཀྱི་ཉི་མ་ནས་དྲྭ་ལམ་དུ་བསྐུལ་མ་བྱུང་ཞིང་ཐུགས་བཞེད་བསྐང་ཕྱིར་དུ་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ ཟླ་༡༠ ཚེས་༡ ལ་ཕུལ།།

༼ ༡༦ ༽ ༧སྐྱབས་རྗེ་དཔལ་ཡུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ།

白玉土絨仁波切 ༄། །བཀའ་མའི་བསྟན་ལ་བཀའ་དྲིན་ལྷག་ཏུ་ཆེ།། དཔལ་ཡུལ་བསྟན་པའི་བཤད་སྒྲུབ་ལས་གསུམ་སྤེལ།། ངག་དགའི་སྙན་བརྒྱུད་ལྷག་མ་མེད་པར་ཐོབ།། ཐུབ་བཟང་མཆོག་གི་སྐུ་ཚེ་བརྟན་པར་ཤོག།

༼ ༡༧ ༽ ༧སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ།

多芒揚唐仁波切 ༄། །རྡོ་རྗེ་གཞོན་ནུ་ཡུལ་གསུམ་གྱད་དུ་གྱུར།། སློབ་དཔོན་པདྨའི་ཟབ་མོ་གཏེར་ལ་དབང་།། འབྲས་མོ་ལྗོངས་སུ་སྐལ་ལྡན་རྗེས་སུ་བཟུང་།། མདོ་མང་གཡང་ཐང་ཞབས་ལ་གསོལ་བ་འདེབས།།

༼ ༡༨ ༽ མཁས་གྲུབ་གཉིས་ལྡན་ཨ་ལག་གཟན་དཀར་རིན་པོ་ཆེ།

阿拉桑嘎·土登尼瑪仁波切 ༄། །གྲུབ་པའི་ཁྱུ་མཆོག་ཡེ་ཤེས་རྡོ་རྗེ་ཉིད།། བཞག་བྲའི་ཡུལ་དུ་སྐུ་ཡི་མཚན་དཔེ་བཞད།། མཛད་པའི་ཕྱག་རྗེས་གངས་ཅན་ཡུལ་དུ་བཞག། གཟན་དཀར་སྤྲུལ་སྐུའི་སྐུ་ཚེ་བརྟན་པར་ཤོག།

༼ ༡༩ ༽ དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེ།

白雅仁波切 ༄། །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་ཀྱིས།། རྗེས་བཟུང་རང་དོན་རྟོགས་པ་མངོན་དུ་གྱུར།། མཛོད་ཆེན་རྣམ་ལྔའི་བསྟན་པ་སླར་ཡང་སྤེལ།། དཔེ་སྤྲུལ་འཆི་མེད་རྡོ་རྗེའི་སྐུ་ཚེ་བརྟན།།

༼ ༢༠ ༽ བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་རྣམ་པ།

具恩善知識 ༄། །མཁན་པོ་བརྩོན་འགྲུས་མཁན་པོ་རིན་ཆེན་མཆོག། པདྨ་ཤེས་རབ་རྣམ་གྲོལ་ཟླ་ཟེར་དང་།། ཆོས་ཀྱི་གོ་ཆ་དབང་ལོ་ལ་སོགས་ལས།། མདོ་སྔགས་གཞུང་ལུགས་ཐོས་པའི་སྐལ་བ་ཐོབ།།

༼ ༢༡ ༽ ཡོངས་འཛིན་བཀའ་དྲིན་ཅན་རྣམས།

具恩經師 ༄། །ཨ་རྡོ་བླ་མ་བླ་མ་ཞང་ལུ་དང་།། ཨ་ཁུ་བླ་མ་ཞྭ་སྒམ་སྤྲུལ་སྐུ་དང་།། ཚེ་རིང་ནོར་བུ་རྭ་སྐོར་ཐུབ་ནོར་སོགས།། བཀའ་དྲིན་ཆེ་འོས་སྙིང་ནས་བརྗེད་ཐབས་བྲལ།།

༼ ༢༢ ༽ རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ལ།

所有教派善知識 ༄། །ཚུལ་ཁྲིམས་བཟང་པོ་ནམ་མཁའི་སྙིང་པོ་དང་།། ཚུལ་ཁྲིམས་བློ་གྲོས་མཁན་པོ་བསོད་དར་རྒྱས།། གང་དུ་སུ་བཞུགས་ཐམས་ཅད་སྐུ་ཚེ་བརྟན།། མཛད་པ་འཕྲིན་ལས་མཁའ་དང་མཉམ་པར་སྨོན།།

༼ ༢༣ ༽ གོས་དཀར་ལྕང་ལོ་ཅན་གྱི་སྔགས་པ་རྣམ་པ་ཚོ།

白衣戴髮瑜伽士 ༄། །སྣ་ཚོགས་གཟུགས་ཅན་ཁྲོམ་སྨྱོན་སྐལ་བཟང་དང་།། ནམ་མཁའ་ཆོས་ཉིད་ནམ་མཁའ་རིན་པོ་ཆེ།། མི་ཉག་གྲུབ་རྒན་ཕུར་དར་གྲུ་བཞི་སོགས།། རལ་བ་ཅན་རྣམས་སྐུ་ཚེ་བརྟན་པར་ཤོག།

༼ ༢༤ ༽ རྡོ་རྗེའི་མཆེད་གྲོགས་རྣམ་པ།

金剛兄弟 ༄། །ཀརྨ་སྐུ་ཆེན་གྱང་ཁང་རྨུགས་སངས་དང་།། རྫོང་མཁྱེན་རབ་འབྱམས་རྫོགས་སྤྲུལ་བདུན་པ་དང་།། སྨིན་གླིང་མཁན་ཆེན་ཀཿ ཐོག་དབོན་སྤྲུལ་སོགས།། རྡོ་རྗེའི་མཆེད་རྣམས་སྐུ་ཚེ་རྟག་བརྟན་ཤོག།

ཞེས་དད་གུས་སྤྲོ་གསུམ་གྱི་ངང་སྒོ་གསུམ་གུས་ཕྱག་དང་བཅས་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ ཟླ་༩ ཚེས་༢༦ ལ་ཕུལ།།

རྒྱ་ཡིག   讚頌諸大德