༈ རྫོགས་ཆེན་གླིང་དུ་ལྟ་བའི་གདིང་ངོམས་པའི་མགུར།
ཨ་ཧོ། ཆམ་གྱིས་ཞོགས་ལ་ཅེར་གྱིས་ལྟོས་དང་།། ཡེ་གྲོལ་ཀ་དག་ཆོས་སྐུའི་དགོངས་པ།། ལྷང་ངེ་ལྷན་ནེ་ལྷམ་མེར་འཆར་འོང་།། དེ་དུས་དྲན་པའི་རང་ཚུགས་མ་འཆོར།།
གཟུང་བ་ཡུལ་གྱི་དཀར་དམར་སྣང་བ།། ཕྱི་རོལ་ཡུལ་ལ་ཚ་གཏད་བྱས་པས།། ཐམས་ཅད་འལ་འོལ་གཟའ་གཏད་བྲལ་ནས།། དགྲ་གཉེན་ཕྱོགས་རིས་འདུ་ཤེས་ཞིག་སོང་།།
འཛིན་པ་སེམས་ཀྱི་སྤུ་རིས་ཕྲ་མོ།། ཡེ་ཤེས་སྤྱན་གྱི་ལྟ་སྟངས་གཅིག་གིས།། གཞི་མེད་རྩ་བྲལ་ཀློང་དུ་བསྡུས་ཚེ།། འཁྲུལ་སྣང་སེམས་ཀྱི་རྫུན་ཕུག་བརྡིབས་ཡོང་།།
ང་ཁྱོད་འཛིན་པའི་ཐ་མལ་བློ་ལ།། རང་ཤར་རང་གྲོལ་གནད་ཀྱིས་བསྣུན་ཚེ།། ཤར་བ་ཉིད་ནས་ཤར་སའི་མལ་ན།། གྲོལ་བ་གཞི་ཡི་གདིང་ཞིག་རྙེད་ཡོང་།།
མི་སྒོམ་ཞེས་པའི་འདུ་ཤེས་རང་ག། སྒོམ་གྱིས་བཅོས་པའི་ཡིད་དཔྱོད་ལྟ་བ།། གཉིས་དང་བྲལ་ན་རང་བབས་ཡེ་ཤེས།། ཤུགས་འབྱུང་རྟོགས་པའི་རྩལ་ཆེན་རྫོགས་འོང་།།
རྟགས་ལ་བརྟེན་པའི་རྗེས་དཔག་ཚད་མ།། བློ་ངོར་ཤར་བའི་སྟོང་ཉིད་སྐམ་པོ།། གོ་ཡུལ་ཙམ་གྱིས་རྒྱས་འདེབས་མ་དགོས།། དོན་དམ་བདེན་པའི་མིང་འདི་སྟོར་སོང་།།
སྣང་བ་རྒྱུ་འབྲས་བསླུ་བ་མེད་པ།། རིག་པའི་ཡེ་ཤེས་རྒྱན་དུ་ཤར་ཚེ།། གང་བྱུང་ཅི་ཤར་བདེ་སྟོང་ཀློང་ནས།། སྤང་བླང་བྲལ་བས་མི་ཚེ་སྐྱེལ་འགྲོ།།
ཚེ་ཡི་ལྷག་མ་ཅི་ཡོད་མི་ཤེས།། ནམ་ཞིག་ལུས་ཀྱི་རྒྱ་དང་བྲལ་ཚེ།། ཁྱད་ཆོས་དྲུག་ལྡན་ཀུན་བཟང་ཀློང་ན།། མངོན་འཚང་རྒྱ་ལ་དཀའ་བ་ཅི་ཡོད།།
མ་ཤི་སྐུ་ཚེ་རིང་པོ་བྱུང་ན།། སྐལ་ལྡན་དད་ཅན་སློབ་མ་ཡོངས་ལ།། བརྒྱུད་གསུམ་བླ་མའི་གདམས་ངག་ཟབ་མོ།། ཅི་དགར་འགྱེད་པའི་འདུན་པ་ཡོད་ལགས།།
དབྱིངས་ན་བཞུགས་པའི་གྲུབ་དབང་བླ་མ།། ཡང་ཡང་དྲན་ཞིང་གསོལ་བ་བཏབ་ནས།། ཁྱེད་ཀྱི་གདུལ་བྱ་ལྷག་མར་བཅས་ཀུན།། ཕྱམ་གཅིག་གྲོལ་ཞིང་ཁྱེད་རྗེས་བསྙེག་འོང་།།
ཞེས་པའང་དངོས་མིང་དཔལ་ཡུལ་དར་ཐང་མཆོག་སྤྲུལ་འཇིགས་མེད་བློ་གྲོས་སེངྒེ་པདྨ་རྒྱལ་མཚན་དུ་འབོད་པ་ཡོངས་གྲགས་སུ་མཆོག་སྤྲུལ་སྨྱོན་པས་རྫོགས་ཆེན་གླིང་དུ་ལྟ་སྒོམ་སྤྱོད་པའི་གདིང་ཞིག་ངོམ་སྙམ་པའི་ཚེ། གློ་བུར་དུ་བླ་མ་དྲན་ཞིང་མིག་ལ་དུང་བའི་མཆི་མ་འཁྲུགས་པའི་སྐབས་ཚིག་འགའ་ཤོར་བ་འོ།།
༢༠༡༨ སྤྱི་ཟླ་༠༨ ཚེས༣༡ ལ་བྲིས།
གཟན་དཀར་ཐུབ་བསྟན་ཉི་མའི་བཀའ་སློབ་དང་དཔལ་ཡུལ་མཆོག་སྤྲུལ་གྱི་བཀའ་ལན།
རྒྱ་ཡིག 秋瘋大圓滿見修行之德行小露一手
བརྒྱུད་བསྐུར། Facebook མཆོག་སྨྱོན་པའི་ནམས་མགུར།