༼ བླ་སློབ་དམ་ཚིག་གཙང་བའི་དཔེ་མཚོན། ཕ་བུའི་འདུ་ཤེས་མཚོན་པའི་གཅེས་སྐྱོང་། ༽
༄། །ད་ལྟ་འགའ་རེའི་སེམས་སུ་སྐྱབས་གཅིག་བླ་མ་བཀའ་དྲིན་ཅན་བསྟན་པའི་དབང་ཕྱུག་མཆོག་གིས་ང་ལ་ཐུགས་ཀྱི་གདམས་པ་ཟབ་དགུའི་བཅུད་ཕྱུང་ནས་གནང་སྐབས། དམིགས་བསལ་ཐུགས་བརྩེས་འདོར་བ་མེད་པའི་བདེན་རྟགས་སུ་འོ་བྱས་པའི་པར་འདི་མཐོང་སྐབས། ཉེས་མེད་ཉེས་འདོགས་ཀྱི་བསམ་པ་ངན་པས་ཀུན་ནས་བསླངས་ཏེ། ར་མགོ་ལུག་སྦྱར་གྱི་སྒྲོ་འདོགས་བྱེད་ཀྱིན་ཡོད་པ་འདྲ་མོད། སྤྱིར་བཏང་འདི་ལ་གསལ་བཤད་དགོས་དོན་གང་ཡང་མེད། བླ་མ་རིན་པོ་ཆེས་ང་ལ་དམིགས་བསལ་གྱི་མཐོང་གཟིགས་དང་གཅེས་སྐྱོང་གནང་སྟངས་ནི་ཕ་མས་བུ་ལ་བྱམས་སྐྱོང་བྱེད་པ་ལྟ་བུ་ཞིག་སྟེ། ང་རང་ཕྱི་རྒྱལ་ནས་ཕ་ཡུལ་ལ་འོང་སྐབས་རྩ་བའི་བླ་མ་མང་ཆེ་བ་ཐུགས་དགའ་དྲགས་ནས་འོ་བྱས་ཤིང་། ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་ཞལ་བཞེས་གནང་བ་འདི་ནི། ངས་ངན་པས་རང་བསྟོད་མིན་ཏེ། སུ་ཡིན་ཡིན་གྱིས་ཐོབ་ཐུབ་པའི་དོན་དག་ཅིག་ནི་གཏན་ནས་མིན་ཏེ། ཁྱེད་རང་ཚོ་གཟུགས་མཛེས་པོ་ལྷ་ཡི་བུ་ལྟ་བུ། སྒྲ་སྙན་མོ་དྲི་ཟའི་གླིང་བུ་ལྟ་བུ། རིགས་མཐོན་པོ་རྒྱལ་པོའི་སྲས་ལྟ་བུ། ལོངས་སྤྱོད་ཆེ་བ་ཀླུའི་དབང་ཕྱུག་ལྟ་བུ་ཞིག་ཡིན་དུ་ཆུགས་ཀྱང་། ཁང་སར་བསྟན་པའི་དབང་ཕྱུག་མཆོག་དང་གྲུབ་དབང་རིག་འཛིན་ཉི་མ་སོགས་ལ་འོ་བྱེད་ས་ཨེ་ལོན་བལྟས་ན་ཡང་། ཁོང་རྣམས་ཀྱིས་ཞལ་བཞེས་མི་གནང་ངེས་ཅན་ཡིན། བླ་མ་མཆོག་དང་ངེད་རང་ལ་ཕ་བུའི་འདུ་ཤེས་མ་བཅོས་པ་ཡོད་ཅིང་། དེའི་དབང་གིས་ཕ་བུའི་བར་གྱི་དགའ་བ་དང་གཅེས་སྐྱོང་བྱེད་སྟངས་འདི། བླ་སློབ་ཀྱི་དམ་ཚིག་ལ་ཐང་ལྷོད་ཡོད་པ་ཞིག་གིས་བལྟས་ན་མི་མཛེས་པ་ལྟ་བུར་སྣང་གི་ཡོད་སྲིད་མོད། དེ་ནི་མཐར་གཏུགས་ན་རང་གི་སྐྱོན་ཡིན་པ་ཤེས་དགོས་ཤིང་། དངོས་ནས་བླ་མའི་ཐུགས་ཟིན་གྱི་སློབ་མ་ཞིག་བྱེད་བསམ་ན། བླ་མས་གཅེས་སྐྱོང་འདི་འདྲ་ཞིག་མ་ཐོབ་ཀྱི་བར་དུ་ཉམས་ལེན་གནང་དགོས་ཞེས་དྲན་བསྐུལ་ཡང་ཞུ་འདོད་བྱུང་ཞིང་། རང་གི་རྩ་བའི་བླ་མ་མཆོག་ལ་འགལ་བ་སྤུ་ཙམ་འབྱུང་མི་སྲིད་པའི་ཚད་དུ་སླེབས་ཐུབ་པའི་དགའ་བ་དང་དུང་བ་རི་ལྟར་བརྟན་པ་ཞིག་ཡོད་དགོས་པ་ལ་ངེས་པ་ཅུང་ཙམ་འདྲོང་བ་ཡིན་ན། བླ་སློབ་དམ་ཚིག་གཙང་མའི་དཔེ་མཚོན་འདི་ཚོ་མིག་ལ་མི་གཟན་པ་ཞིག་འོང་ཐུབ་བོ།།
ཞེས་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༣༠ལ།
རྒྱ་ཡིག 師徒之間親嘴代表感情深
དབྱིན་ཇིའི་ཡིག The Kiss on the Lips Between the Guru and the Disciple
ཁང་སར་བསྟན་པའི་དབང་ཕྱུག་གི་རྣམ་ཐར།