འདི་ཞེས་འཛིན་པ་ནི་མ་ཤོར།།

白玉秋竹上師

བླ་མ་མཁྱེན།  བླ་མ་མཁྱེན།  བླ་མ་མཁྱེན།  བླ་མ་རང་མཁྱེན་ནོ།།

འདི་ཞེས་འཛིན་པ་ནི་མ་ཤོར།།
གཉིས་འཛིན་རང་སྣང་དུ་དེངས་སོང་།།
ལྟ་སྒོམ་བློས་བྱས་ལ་མ་བརྟེན།།
རིག་པ་ཡེ་གྲོལ་དུ་འདུག་གོ།

སྤངས་བླང་ཨ་འཐས་ཀྱི་ཞེན་པ།།
ལྟོས་བཞག་རེ་དོགས་ནི་མ་དགོས།།
རྫོགས་ཆེན་ཉམས་ལེན་གྱི་བུ་ཆུང་།།
ཆོས་ཟད་བློ་ཟད་དུ་ཐལ་སོང་།།

ཆོས་ཉིད་བསམ་བརྗོད་ལས་འདས་དུས།།
གང་ཤར་ཆོས་སྐུ་རུ་འདུག་གོ།
བཅོས་བསླད་མ་བྱས་པའི་སེམས་ཉིད།།
སངས་རྒྱས་མངོན་སུམ་དུ་འདུག་གོ།

བརྒྱད་ཁྲི་བཞི་སྟོང་གི་བརྗོད་ཀྱང་།།
ཆོས་ཉིད་བརྗོད་མེད་དུ་འདུག་གོ།
འབུམ་ཕྲག་དྲུག་ཅུ་ཡི་སྒྲུབ་ཀྱང་།།
ལྷ་དང་རང་སེམས་ནི་དབྱེར་མེད།།

ཚོགས་དྲུག་འཕྲོ་འདུ་ལས་འདས་ཀྱང་།།
ཐ་སྙད་རང་སྣང་གི་རྩལ་ལས།།
རོལ་པ་རྟེན་འབྲེལ་གྱི་སྣང་ངོ་།།
ཕན་མེད་གནོད་མེད་དུ་གྲོལ་སོང་།།

རྒྱུད་ལུང་མན་ངག་གི་ཐོས་བར།།
དགྲ་ལྟར་སྡང་སྡང་ནི་མ་དགོས།།
བླུན་སྒོམ་ཐེ་ཚོམ་གྱི་དབུལ་བས།།
ཟོག་པོ་ཡོད་དོགས་ལ་མི་རེ།།

ཀུན་བཏགས་ཐ་སྙད་ཀྱི་ཆོས་ལ།།
ཨ་འཐས་གྲགས་སྐོམ་ལ་རྔམས་ནས།།
ཆོས་བརྒྱད་འདུ་འཛི་ཡི་གྲོང་ནས།།
མགོ་བསྐོར་ཆོས་ཚོང་ནི་མ་བྱས།།

ལྟ་བ་སྟོང་ཉིད་དུ་རྟོགས་ཀྱང་།།
ལྟ་བ་ཞེན་པ་དང་མ་བྲལ།།
གྲུབ་གྲུབ་རྣལ་འབྱོར་གྱི་ལད་མོ།།
མཐོ་མཐོ་ཟབ་མདོག་ནི་མ་ངོམས།།

སྐྱབས་ཀུན་དྲི་མེད་ཀྱི་འོད་ཟེར།།
རྣམ་དབྱེར་མེད་པར་དུ་བཞུགས་པ།།
བཀའ་དྲིན་སུམ་ལྡན་གྱི་བླ་མའི།།
བརྒྱུད་གསུམ་བྱིན་རླབས་ཀྱི་ཆུ་རྒྱུན།།
སྙིང་དབུས་མི་ཤིག་གི་འཁོར་ལོ།།
མ་ལུས་ལྷག་ལྷག་ཏུ་འབབས་སོང་།།

སྒོ་ལ་འདམ་སྦྱར་གྱི་མཚམས་ཞེས།།
སྡུག་ཡུས་བགྲང་རུས་ཞིག་མེད་ཀྱང་།།
གཉུག་མའི་ཡེ་ཤེས་ལ་སྦར་སྙབ།།
མ་དགོས་རྟོགས་པ་འདི་ངོ་མཚར།།

འབད་རྩོལ་དབེན་པ་ཡི་ལུས་ལ།།
བྱར་མེད་རང་སེམས་འདི་གཅིག་པུ།།
གཡེང་མེད་གཏད་མེད་ཀྱི་མཚམས་ནི།།
མ་བསྡད་ཟེར་རྒྱུ་ཡང་མི་འདུག།

ས་རྡོ་ཡོད་མེད་ལ་བསྒྱུར་བའི།།
རྫུ་འཕྲུལ་གྲུབ་རྟགས་ནི་མེད་མོད།།
ཚེ་འདི་ཆོས་སྐུ་ཡི་གཏན་སྲིད།།
མི་ཐོབ་བསམ་པ་ཞིག་མེད་ལགས།།

འཁྲུལ་དུས་འཁྲུལ་རང་དུ་ཆུག་ཅིག།
ཉིང་འཁྲུལ་རྒྱ་འབྱམས་སུ་མ་གཏོང་།།
གྲོལ་དུས་དེ་ཀ་རང་གྲོལ་ཆུག།
གྲོལ་མཁན་གཞི་མེད་དུ་ཡལ་དགོས།།

གདོད་མའི་གཤིས་ཐོག་ལ་སླེབས་དུས།།
གཞི་ལམ་འབྲས་གསུམ་གྱི་དབྱེ་བ།།
མཉམ་ཉིད་བློ་འདས་ཀྱི་དོན་ལ།།
བརྗོད་བྱ་བརྗོད་ཡུལ་ལས་འདས་སོང་།།

ཨ་ལ་ལ་ཧོ་ནི་རེ་དགའ།།
ཡིད་དཔྱོད་གྲུབ་མཐའ་ལ་མ་བརྟེན།།
ཀློང་ཆེན་རབ་འབྱམས་ཀྱི་བུ་རྒྱུད།།
སྐྱིད་ཉལ་ཅི་ལ་ནི་མི་ཆོག།

ཨ་ལ་ལ་ཧོ་ནི་རེ་དགའ།།
སྡུག་བརྩིར་སྲུང་སྡོམ་ལ་མ་ཞེན།།
ཀློང་ཆེན་རབ་འབྱམས་ཀྱི་བུ་རྒྱུད།།
གང་བྱུང་ཅི་ལ་ནི་མི་ཆོག།

ཨ་ལ་ལ་ཧོ་ནི་རེ་དགའ།།
གུ་ཡངས་ཉམས་ལེན་ཞིག་བྱས་པས།།
གུ་ཡངས་མི་ཚེ་འདི་སྐྱེལ་བཞིན།།
གུ་ཡངས་གཏན་སྲིད་ལ་ཆོས་འགྲོ།།

སྡུག་བསྲན་སྒོམ་སྒྲུབ་གྱི་རྒྱུ་ལས།།
བདེ་འབྲས་སངས་རྒྱས་ཞིག་ཨེ་སྲིད།།
རྒྱུ་འབྲས་ཚུལ་བཞིན་དུ་སྨྲ་བ།།
ཀུན་མཁྱེན་བརྒྱུད་འཛིན་ལས་སུ་འདུག།

ཡར་ལྟོས་ཆོས་ཉིད་ཀྱི་མཁའ་ལ།།
བརྒྱུད་གསུམ་ཉིན་བྱེད་ཡི་དབང་པོ།།
མ་རིག་མུན་པ་ཀུན་སེལ་ཞིང་།།
གླིང་བཞི་བསྐོར་བ་འདི་མཐོང་ཚེ།།

བུ་ཆུང་མེ་ཁྱེར་གྱི་སྣང་བས།།
ལད་མོ་གླུ་ཆུང་ཞིག་ཤོར་སོང་།།
མངོན་སུམ་རྟོགས་པ་ནི་ལྟ་ཅི།།
མྱོང་བ་སྣེ་ཙམ་ཞིག་མེད་མོད།།

ཆོས་སྐུ་ཡེ་ཤེས་ཡི་རྡོ་རྗེ།།
ལོངས་སྐུ་མདོ་སྔགས་ནི་གླིང་པ།།
སྤྲུལ་སྐུ་པདྨ་ནི་ནོར་བུ།།
རིག་སྲས་ཕྲིན་ལས་ནི་ནོར་བུ།།
ཡིད་དཔྱོད་འདས་ཟིན་གྱི་མན་ངག།
རང་ངོ་རང་ཐག་ཏུ་བཅད་ཡོད།།
འདི་ལྟར་ང་རྗེས་བཞིན་ཤོག་དང་།།
ཚེ་གཅིག་ལུས་གཅིག་ལ་གྲོལ་བའི།།
གྲགས་ཅན་སངས་རྒྱས་ཀྱི་གོ་འཕངས།།
ཁ་སྣ་བར་དེ་རང་འདུག་གོ།

མཆོག་སྤྲུལ་སྨྱོན་པས་བླ་མ་དྲན་སེམས་སྐྱིད་སྣང་བ་དངས་སང་ངེ་བ་ཞིག་བྱུང་སྐབས་བྲིས་པ་དགེའོ།།   །། 1988 / 1 / 15 ཉིན་མཆོག་སྤྲུལ་སྨྱོན་པ་ནས།   འཆར་རན་ནམ་མཆོག་གི་རིག་པ་ནས་ཡིག་གེར་ཕབས།

རྒྱ་ཡིག   瘋子心情曲

Facebook link