རང་སློབ་དམ་པ་བླ་མ་པད་བསྟན་ལ་གདམས་པ།
གྲུབ་བརྒྱའི་་གཙུག་རྒྱན་བི་མ་མི་ཏྲ།།
ཡེ་ཤེས་སྒྱུ་མའི་སྐུ་རུ་བཞེངས་པ།།
ཕ་རྒན་བླ་མ་པདྨ་ནོར་བུ།།
མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས་དང་།།
བུ་ངས་མོས་གུས་གདུང་ཤུགས་དྲག་པོས།།
གསོལ་འདེབས་སྨོན་ལམ་ཡང་ཡང་ཞུས་པས།།
དོན་བརྒྱུད་དགོངས་པའི་བྱིན་རླབས་ཆུ་རྒྱུན།།
སྙིང་གི་དབུས་སུ་ལྷག་ལྷག་བབས་སོང་།།
ཡེ་གྲོལ་གཤིས་ཀྱི་གནས་ལུགས་ཆེན་མོ།།
གཟའ་གཏད་དམིགས་འཛིན་རང་ཡལ་སོང་དུས།།
གཉུག་མའི་གཤིས་ལ་ཡང་འདུག་བྱེད་པས།།
མགྲིན་པའི་ཀློང་ནས་ཐོལ་བྱུང་ཐལ་ལོ།།
རྣམ་རྟོག་སྐྱེས་ཚེ་གསལ་བའི་ཉམས་དང་།།
རྣམ་རྟོག་གནས་ཚེ་བདེ་བའི་ཉམས་སྣང་།།
རྣམ་རྟོག་འགགས་ཚེ་མི་རྟོག་ཉམས་སོགས།།
སེམས་ཀྱི་ཤུན་པ་ཕཊ་ཀྱིས་གཏར་ཤོག།
གནས་འགྱུ་གཉིས་ཀ་རིག་པ་མ་ཡིན།།
བརྗོད་མེད་ཧོན་ནེ་ཆོས་སྐུ་མ་ཡིན།།
གསལ་ལེ་ལྷག་གེ་རིག་གདངས་མ་ཡིན།།
ཡིད་དཔྱོད་སེམས་ཀྱི་འཛིན་པ་སྤོངས་ཤིག།
གཉུག་མའི་དྲན་པ་རང་བབས་སྐྱོང་དུས།།
རྣམ་རྟོག་ཤར་ཚེ་ཆོས་སྐུའི་རྩལ་ཡིན།།
རྣམ་རྟོག་སྐྱེ་འགག་ཤེས་པ་ཙམ་སྟེ།།
གཟུང་འཛིན་བློ་ཡིན་ཡེ་ཤེས་མ་ཡིན།།
ཁྱབ་བརྡལ་ཆེན་པོའི་ཆོས་སྐུའི་ཀློང་ན།།
སྣང་སྲིད་འཁོར་འདས་ཡེ་རྫོགས་ཟིན་པས།།
མཆོག་སྤྲུལ་སྨྱོན་པས་ཉི་ཤར་ཆ་ལ།།
འདུ་འབྲལ་མེད་པའི་དོན་ལ་རོལ་འགྲོ།
མཆོག་སྨྱོན་ནས་སྤྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ འ༩ ལ།
པདྨ་རྫོང་མཁན་པོ་དཀར་འཛོམ་ནས་མགུར་བླངས།