ཛི་སྒར་ཀོང་སྤྲུལ་འཇིགས་མེད་རྣམ་རྒྱལ་བཀའ་ཡི་བསྐུལ་ངོར་ཕུལ་བའི་སྨྱོ་གཏམ།།

Choktrul

ཛི་སྒར་ཀོང་སྤྲུལ་འཇིགས་མེད་རྣམ་རྒྱལ་བཀའ་ཡི་བསྐུལ་ངོར་ཕུལ་བའི་སྨྱོ་གཏམ།།

ཕ་རྒན་བླ་མ་རྡོ་རྗེ་འཆང་ཆེན།།
ཐུགས་རྗེ་ཉེ་རིང་མེད་པ་གཟིགས་བཞིན།།
གསོལ་འདེབས་བུ་ལ་ལྷག་ཏུ་སྐྱོབས་ནས།།
མགོན་ཁྱེད་གང་བཞུད་དགྱེས་བཞིན་ཁྲིད་མཛོད།།

ཉིན་ཞིག་རྣམ་རྟོག་གཡོ་བའི་བར་ནས།།
ཅི་དྲན་མེད་པར་ཧད་པོར་ཅུང་ལུས།།
དེ་མ་ཐག་པ་དང་པོའི་ཀུན་རྟོག།
ཀུན་ལ་ཡོད་པའི་སེམས་ཀྱི་ཆོས་ཉིད།།

དངོས་པོའི་ཆོས་ཉིད་དེ་ཀ་སེམས་ལགས།།
གནས་ལུགས་དོན་དམ་མིང་དུ་བཏགས་ནས།།
སྒོམ་ཆེན་སེམས་ངོ་སྐྱོངས་ཞེས་བྲེལ་ལོ།།
སེམས་ཀྱི་སེམས་ལ་ལྟ་བའི་འཛིན་སྟངས།།
གནས་ལུགས་སྐྱོངས་བའི་དོན་དེ་མ་ལགས།།
སེམས་ལ་ལྟ་བའི་འཛིན་རྣམ་མེད་དུས།།
སྒོམ་མེད་རྫོགས་ཆེན་གྲགས་པ་ལྟར་ལགས།།

སེམས་ལ་ཡིད་ཀྱིས་བྱ་ར་བྱེད་བཞིན།།
མ་ཡེངས་ཙམ་དུ་གནས་པའི་དོན་མིན།།
ཤར་བའི་ཚེ་ན་ཤར་མཁན་སེམས་རང་།།
འདུ་ཤེས་མ་ཞུགས་ཙམ་ནས་གྲོལ་ལགས།།

མཐོང་ཚད་སྒྱུ་མ་བསམ་ཚད་རྫུན་མ།།
རྟུལ་ཞུགས་སྤྱོད་པའི་དོན་དེ་མ་ལགས།།
སྒྱུ་མར་རྫུན་པའི་འཛིན་པ་ཞིག་ན།།
རེ་དོགས་བྲལ་བའི་སྤྱོད་པ་ཡོད་ལགས།།

གདོད་མའི་མགོན་པོ་གཞི་ཡི་གནས་ལུགས།།
གཉིས་འཛིན་རང་གྲོལ་ལྟ་བའི་གདིང་ཆེན།།
བཟང་ངན་མ་དགོས་མཉམ་ཉིད་ཀློང་ན།།
བསམ་མི་ཁྱབ་པའི་གྲོང་ཁྱེར་ཡོད་སྐད།།

ད་ལྟའི་ཤེས་པ་བུ་ཆུང་བཞིན་ལེགས།།
བུམ་པ་སྐུ་ཡི་པདྨའི་སྦུབས་ན།།
ཚོགས་བརྒྱད་འདབས་མའི་ཤུན་བུའི་ཐུམ་བས།།
མ་རིག་སེམས་ཅན་འཁྲུལ་ཞེས་བཤད་སྲོལ།།

སྒྲིབ་པ་ཀུན་སྤང་མཁྱེན་པ་གཉིས་ལྡན།།
ཐོག་མའི་མགོན་པོ་མངོན་པར་བྱང་ཆུབ།།
རང་ཉིད་སེམས་ཉིད་དེ་ཀ་རིག་ནས།།
རྫོགས་སངས་རྒྱས་ཞེས་དགའ་སྟོན་དབུགས་འབྱིན།།

བླ་མའི་གདམས་ངག་སེམས་ལ་བྱ་ཤོར།།
ཚོགས་བརྒྱད་གཡུལ་དཔུང་རེ་ཞིག་ཕྱིར་འཐེན།།
ཡིད་ཤེས་རྒྱལ་པོ་དོགས་ཟོན་མ་དགོས།།
གང་བྱུང་སྐྱིད་ཉལ་ཆོག་པ་དེ་ལགས།།

སྤྱིར་སྨྱོན་པའི་གཏམ་ལ་ཡིད་བརྟེན་མེད་རུང་འོན་ཀྱང་སྨྱོན་གཏམ་ཅི་བཤད་ཆོག་པས་འཇིགས་མི་དགོས།། དེར་བརྟེན་1989/5/20 ཉིན་མཆོག་སྤྲུལ་སྨྱོན་པས་གང་དྲན་བྲིས་པ་དགེའོ།།

རྒྱ་ཡིག   在吉噶康楚仁波切囑咐下 隨口而獻

Facebook link