དྲྭ་མིང་ཆོས་ཉིད་རང་གྲོལ་ནས།

Choktrul20210617

༄།།   དྲྭ་མིང་ཆོས་ཉིད་རང་གྲོལ་ནས་ཞལ་གདམས་ཤིག་དགོས་ཅེས་ཡང་ཡང་བསྐུལ་བའི་ཞལ་ངོ་མ་ལྡོག་ཙམ་དུ་འདི་ལྟར།   ཁྱེད་རང་དལ་འབྱོར་མི་ལུས་ཐོབ་པའི་ཐོག་ཏུ་དམ་པའི་ཆོས་སྒོར་ཞུགས་པ་ཡིན་པ་ནི་གོར་མ་ཆག   འོན་ཀྱང་ཁྱེད་ཀྱི་རྒྱུས་ང་ལ་མེད་དུས་ཁ་ཏ་བཤད་རྒྱུ་དཀའ་མོ་རེད།   འོན་ཀྱང་ཆོས་ཐོས་བསམ་སྒོམ་གསུམ་གང་གི་སྐབས་ཡིན་ཡང་སེམས་པ་བཟང་པོ་ཞིག་བསྐྱེད་རྒྱུ་གལ་ཆེ།

སེམས་བཟང་པོ་ཟེར་བ་དེ།   ཤ་ཚ་ཟེར་ནས་མིག་ཟུམ་ཟུམ་བྱེད་པའམ་ལྕེ་ནར་ནར་བྱས་ནས་ཁ་ཡག་བྱེད་པ་ཞིག་ལ་ཟེར་བ་མིན།   རང་གི་དོན་ལ་ཐུག་འོང་དུས་དེ་མི་བྱེད་པར་གཞན་ལ་ཡོངས་རྫོགས་སྦྱིན་མ་ནུས་ནའང་དེ་ནས་ཕར་ཅུང་ཟད་གཅད་ཐུབ་པའི་ཁ་ཡོད་ལག་ཡོད་ཀྱི་བསམ་པ་དེ་ལ་གོ་དགོས།   དེ་འདྲའི་བསམ་ཚུལ་ལ་རིམ་གྱིས་གོམས་ན་ནམ་ཞིག་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ལ་འཇུག་པའི་གོ་སྐབས་ཞིག་ཐོབ་ངེས་ཡིན།   དེ་དུས་རང་གི་བདག་འཛིན་གྱི་ཞེན་པའང་ཅུང་ཟད་མེད་འགྲོ་གི་རེད།    དེ་ནས་ནམ་ཞིག་ཆོས་པ་ཡང་དག་ཞིག་ཏུ་འགྱུར་ངེས་ཡིན།   གཞན་ཅི་ཞུ་རྒྱུ་མ་མཆིས།

ཁ་བཤད་སྟོང་པ་ལས་གཞན་ཅི་ཡང་མེད་པའི་མཆོག་མིང་འཛིན་པ་ནས་སྤྱི་ལོ་༢༠༢༡ཟླ་༦ཚེས་༡༧ལ་ཕུལ།