ཉམས་མགུར་རྟོལ་ལེ་མ།

CrazyChok20230615
༼  ཉམས་མགུར་རྟོལ་ལེ་མ།  ༽

རྡུལ་བྲལ་བདེ་བ་ཆེན་པོ་གཤིས་ཀྱི་འཇམ་དཔལ། །
དམར་སེར་འོད་སྟོང་འཕྲོ་བ་དཔེ་ཡི་འཇམ་དཔལ། །
རྒྱལ་ཀུན་སྤྲོ་བསྡུའི་འཇམ་དཔལ་རབ་གསལ་ཟླ་བ། །
ང་ལ་འདུ་བྲལ་མེད་པ་སྔོར་ནས་ཤེས་ཡོད། །

སྔ་འགྱུར་རིག་འཛིན་བརྒྱུད་པའི་ཐལ་མཐར་གནས་པ། །
འཇིགས་མེད་སྤོབས་པ་ལྡན་པ་ཁམས་པའི་བུ་རྒོད། །
སྤྱོད་པ་སྤང་བླང་བྲལ་བའི་མཆོག་སྤྲུལ་སྤྱོན་པས། །
མ་བཅོས་ཤུགས་འབྱུང་ངག་ནས་ཀ་དབྱངས་ལེན་ནོ། །

ཆོས་དང་ཆོས་ཉིད་ཟེར་བའི་ཐ་སྙད་འདི་ཚོ། །
མ་མཐོང་སོ་སྐྱེའི་བློ་ལ་དབྱེ་བ་མ་གཏོགས། །
གཞི་གྲོལ་མཉམ་པའི་དོན་ལ་ཚེགས་མེད་བསླེབས་ན། །
ཚིག་གི་ཤུན་པ་མང་པོ་སྡུག་རོགས་རེད་འདུག །

ཕར་ཕྱིན་ཐེག་པའི་གཞུང་གི་བརྗོད་བྱ་མཐར་ཐུག །
སྤྲོས་བྲལ་བདེན་མེད་མེད་དགག་མ་ཡིན་དགག་སོགས། །
བྱིས་པ་མགོ་བོ་བསྐོར་བའི་བསླུ་བྲིད་ཙམ་ལས། །
རྣལ་འབྱོར་ང་ཚོའི་རྣ་བར་མཛའ་མོ་མི་འདུག །

གསལ་སྟོང་བདེ་སྟོང་སྣང་སྟོང་སོགས་ཀྱི་རྣམ་གཞག །
སྐུད་པ་དཀར་ནག་བསྒྲིལ་འདྲ་ཟུང་འཇུག་དབུ་མ། །
བོད་ལྗོངས་ནང་བརྒྱུད་བསྟན་པའི་ཁྱད་ཆོས་ཡིན་སྐད། །
དེ་ཚོ་གནས་ལུགས་ཡིན་པ་དཀའ་མོ་རེད་འདུག །

ཐམས་ཅད་ལྷ་རུ་བཅོས་པའི་བདག་བསྐྱེད་མདུན་བསྐྱེད། །
རྩ་རླུང་ཐིག་ལེའི་ཐབས་ཀྱི་རང་ལུས་གཞན་ལུས། །
སེམས་ལ་འཆར་བར་དཀའ་བའི་ཉབ་ཉོབ་འདི་ཚོ། །
ཆོས་ཉིད་གནས་ལུགས་རྟོགས་ལ་ཕན་པ་ཅི་ཡོད། །

ཐེག་དགུའི་ཡང་རྩེ་ཨ་ཏི་རྫོགས་པ་ཆེན་པོ། །
ཤཱཀྱ་ཐུབ་པའི་བསྟན་པའི་གདུལ་བྱ་མ་རྙེད། །
རིག་འཛིན་རོ་ལང་རྡོ་རྗེས་མི་ཡུལ་སྤེལ་བ། །
ང་ཚོར་འཕོ་ཆེན་གྲོལ་བའི་གདམས་པ་ཡོད་དོ། །

རིག་པ་ཡེ་ཤེས་ཆེན་པོ་སེམས་ལས་འདས་པ། །
འགྲོ་བ་ཀུན་ལ་ཝལ་ལེར་གསལ་ཞིང་ཡོད་པ། །
རང་ངོ་ཤེས་པ་ཙམ་གྱིས་ས་ལམ་རྣམ་བཞག །
གཅིག་ཀྱང་དགོས་པ་མེད་དོ་རང་ཐག་ཆོད་ཡོད། །

སྐད་ཅིག་གཅིག་གི་སྐད་ཅིག་གཅིག་ལ་རྫོགས་པ། །
ཆོས་ཀུན་རྒྱ་གྲོལ་ཡིན་པ་ཚིག་གསང་འདི་ཚོ། །
ཉན་ཐོས་ཕར་ཞོག་འགྲམ་གྱི་ཕྱག་ཆེན་པ་ཚོའི། །
བློ་ལ་ཤོང་རྒྱུ་ཡོད་པའི་ལོ་རྒྱུས་མི་འདུག །

ཅེས་པའང་དིལ་མཁྱེན་རྒན་པོའི་ཞབས་འབངས་སྤྱི་བོར་བཀོད་པ་མཆོག་སྨྱོན་ནས་སྤོས་ལྡན་གྲོང་ཁྱེར་དུ་ཇ་འཐུང་ཞོར་ཤར་མར་ཐལ་ལོ།

སྤྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༤ ལ།

 

པདྨ་རྫོང་མཁན་པོ་དཀར་འཛོམ་ནས་མགུར་བླངས།

ཉམས་མགུར།

Facebook link