ཚད་མེད་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་དེ་གང་ཞིང་།

Choktrul20210608

 

༄།   །ཚད་མེད་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་དེ་གང་ཞིང་། །
མ་རྒན་འགྲོ་དྲུག་ཀུན་གྱི་མ་འདྲིས་པའི་མཛའ་བཤེས། །
ཐུབ་དབང་ཉི་མའི་གཉེན་དེའི་དོན་གཉིས་ཀྱི་མཛད་བཟང་། །
མཐའ་དང་ཟད་དུ་མེད་ལ་ཡིད་སྨོན་རེ་ཤོར་སོང་། །

མཚན་ཉིད་ཀུན་ལྡན་དལ་འབྱོར་མི་ལུས་ཀྱི་རྟེན་བཟང་། །
ཐོབ་པར་དྲིན་གྱིས་བསྐྱངས་པའི་ཕ་མ་ཡིས་བསྐུལ་ངོར། །
འདིར་སྣང་རྨི་ལམ་ཇི་བཞིན་འགྱུར་ལྡོག་གི་གཡོ་བ། །
བསམ་བཞིན་དབང་མེད་སྐྱོ་བའི་གླུ་དབྱངས་འདི་འཐེན་ནོ། །

སྐྱེས་པའི་ནངས་པར་འཆི་བའི་སྔ་བརྡ་ཞིག་བྱུང་ཡང་། །
ད་དུང་ལོ་བརྒྱར་འདུག་པའི་སྟོང་བསམ་ཞིག་བཏང་ནས། །
གསོག་སྲུང་མི་དགེའི་ལས་ལ་བརྩོན་འགྲུས་རེ་བྱས་ན། །
སང་ཉིན་མི་ཤིའི་ཐག་དེ་སུ་ཞིག་གིས་ཆོད་དམ། །

འབྱོར་ཚེ་གཉེན་གྲོགས་ཤ་ལ་སྦྲང་བུ་ལྟར་འཁོར་ཡང་། །
རྒུད་ཚེ་རྒྱང་ནས་སྨ་འབེབས་ཁྲེལ་དགོད་ཀྱིས་འཕྱ་བའི། །
འཇིག་རྟེན་ཐ་མལ་གྲོགས་ཀྱི་གཤིས་ཀ་ལ་བསམ་ན། །
མིག་ནས་མཆི་མ་མི་འཆོར་རང་དབང་ནི་མི་འདུག །

སྤྲང་ན་ལྟོགས་པར་ལུས་དོགས་འབད་རྩོལ་གྱི་སྡུག་བསྔལ། །
ཕྱུག་ན་ཟད་ཀྱིས་དོགས་པའི་སེར་སྣ་ཡི་གསོག་སྲུང་། །
འགྲུབ་རྒྱུ་མེད་པའི་རེ་དོགས་འདོད་རྔམས་ཀྱི་བསམ་པས། །
མི་ཚེའི་མཐའ་ལ་གཏུགས་ན་ཅི་འདྲ་ཞིག་མི་སྐྱོ། །

བསྟོད་སྨད་ཆགས་སྡང་དགའ་སྡུག་མགོ་རྣ་ཡི་དོན་དུ། །
གཅེས་པའི་སྲོག་ཀྱང་ཕངས་མེད་ཐལ་བ་བཞིན་བོར་ནས། །
མནར་མེད་དམྱལ་བར་སྐྱེ་བའི་ཁོང་ཁྲོ་ཡི་ལས་ངན། །
བསགས་ལ་དགའ་སྤྲོ་ཅན་ཚོས་ཡི་མུག་རེ་བསླངས་བྱུང་། །

དགའ་འོ་སྐྱིད་དོ་ཟེར་ཡང་སྐད་ཅིག་དང་སྐད་ཅིག །
སྡུག་གི་སྣོན་མ་ཙམ་ལས་རྟག་བརྟན་ནི་མི་འདུག །
བདེ་སྡུག་ངེས་པ་མེད་པའི་འཁོར་བ་ཡི་སྣང་ཚུལ། །
འདི་ལ་རྟག་འཛིན་བྱེད་རྣམས་རྨོངས་པ་ལས་ཆེས་རྨོངས། །

ལས་བྱས་འབད་འབད་འགྲུབ་པའི་དུས་མཐའ་ནི་མི་འདུག །
ངོ་དཀར་འཛུམ་སྟོན་བྱས་ཀྱང་མགུ་དུས་ནི་མ་མཐོང་། །
འབད་པ་བརྒྱ་ཡིས་བསྒྲུབས་ནས་འབྲས་བུ་ལ་བསྒུགས་ཀྱང་། །
རེ་སྟོང་ཁུག་མ་ཁུར་ནས་འཆི་མཁན་དེ་མང་ངོ་། །

དབྱར་གཞུང་མེ་ཏོག་ལྟ་བུའི་མཛེས་ལྡན་གྱི་ན་གཞོན། །
འཆི་སྙམ་ཡིད་ལ་མེད་པའི་ཕོ་རྒོད་ཀྱི་སྙིང་རྩ། །
གློ་བུར་འཆི་བདག་གཤེད་མའི་སོ་རྩེ་ལ་འཐོག་ནས། །
མདང་སུམ་རྨི་ལམ་ཇི་བཞིན་ཡལ་བ་འདིར་འཇིགས་སོ། །

མ་ཤི་ས་སྟེང་ལུས་པའི་ཚེ་ཐར་ནི་མེད་ལ། །
གཅིག་རྗེས་གཅིག་མཐུད་རང་ཡང་སྐོར་རེས་དེར་བབ་འོང་། །
རྒན་གཞོན་བར་མ་མེད་པར་མི་རྟག་གི་ལམ་ལ། །
སྔ་ཕྱི་ཙམ་ལས་མི་འགྲོ་རང་དབང་ནི་མི་འདུག །

རྒྱུས་མེད་བར་དོའི་འཕྲང་ལ་གཤིན་རྗེ་ཡིས་འཁྲིད་དུས། །
ཕྱི་མའི་ཡུལ་དུ་དཀོན་མཆོག་རྣམ་གསུམ་ལས་གཞན་པའི། །
འཁོར་གཡོག་ཕར་ཞོག་ཁབ་ཙམ་འཁྱེར་དབང་ནི་མེད་ལ། །
སྔར་བསགས་ལས་དབང་བཙན་པོས་མི་འདོད་བཞིན་དེད་འགྲོ །

འབྱོར་ལྡན་ཕྱུག་པོའི་གྲལ་ན་སྡུག་ཡུས་ཀྱི་གཏམ་ལབ། །
དབུལ་པོ་སྤྲང་པོའི་མལ་ན་སྨྲེ་ངག་གི་ངུ་འབོད། །
མཐོ་དམན་མི་རེའི་སེམས་ན་སྡུག་བསྔལ་གྱི་ཁུར་བོ། །
ཁམས་གསུམ་འཁོར་བའི་གནས་ན་བདེ་བ་ཞིག་མེད་ལགས། །

མེད་ལ་ཡོད་པར་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག །
ཡོད་ལ་བདག་ཏུ་ཞེན་པ་ཀུན་བཏགས་ཀྱི་འཁྲུལ་བ། །
ང་མེད་ང་རུ་འཛིན་པའི་འགྲོ་དྲུག་གི་སེམས་ཅན། །
མཐའ་མེད་སྡུག་བསྔལ་དུ་མས་ཉིན་མཚན་ཀུན་མནར་ལགས། །

མཆོག་གསུམ་སྲས་བཅས་ཀུན་ལ་སྙིང་རྗེ་ཞིག་མཆིས་ན། །
མི་གནས་ཞི་བའི་མལ་ནས་ད་ལྟ་རང་བཞེངས་ལ། །
མཁྱེན་དང་བརྩེ་བའི་ནུས་མཐུ་གློག་ཞགས་ལས་མྱུར་བའི། །
གཏམ་དེ་བདེན་ན་མྱུར་དུ་ཐུགས་རྗེ་ཡིས་བཟུང་མཛོད། །

ཆོས་དང་འཇིག་རྟེན་རྩ་བ་ཡིད་འདི་རང་ལགས་པས། །
བསམ་པ་བཟང་ན་ས་དང་ལམ་ཀུན་ཡང་བཟང་གསུངས། །
དུས་དང་རྣམ་པ་ཀུན་ཏུ་སེམས་བཟང་གི་ཀུན་རྟོག །
མ་བརྗེད་ཡིད་ལ་བཟུང་མཛོད་དྲིན་ཅན་གྱི་ཕ་མ། །

མི་རྟག་འཆི་བས་བློ་སྣ་ཡང་ཡང་དུ་བསྐུལ་ནས། །
དཀར་ནག་ལས་ལ་བག་ཡོད་སྲོག་ལས་ཀྱང་གཅེས་དགོས། །
མཐོང་ཐོས་འཁོར་བའི་སྡུག་བསྔལ་མྱོང་བ་ཡི་སེམས་ཅན། །
ཐར་བའི་ལམ་ལ་འགོད་པའི་དམ་བཅའ་ཞིག་མཛད་རོགས། །

བཀའ་དྲིན་གསུམ་གྱི་བདག་ཉིད་དཔལ་ལྡན་གྱི་བླ་མར། །
མཆོག་གསུམ་ཀུན་འདུས་ཤེས་པའི་སྐྱབས་ཡུལ་དུ་བཟུང་ནས། །
བྱང་ཆུབ་མ་ཐོབ་བར་དུ་འབྲལ་མེད་དུ་བསྟེན་ལ། །
ཁ་ཞེ་ངོ་ལྐོག་མེད་པ་དོ་གལ་ཞིག་ཆེའོ། །

མ་གྱུར་འགྲོ་རྣམས་སྡུག་བསྔལ་དུ་མ་ཡིས་མནར་ཕྱིར། །
རང་བདེ་ཙམ་ལ་མ་ཆགས་བྱང་ཆུབ་ཀྱི་སེམས་མཆོག །
ཁམས་གསུམ་སྟོང་བར་སྒྱུར་བའི་སྙིང་སྟོབས་ཤིག་བསྐྱེད་ལ། །
སྨོན་འཇུག་གཉིས་ལྡན་ངང་ནས་ཕྱིན་དྲུག་ལ་བརྩོན་མཛོད། །

ཚོགས་གཉིས་མཁའ་ལ་ལྡིང་བའི་འདབ་གཤོག་ཅིག་མེད་ན། །
ཞི་བདེ་ཐར་བའི་ས་ལ་སླེབས་ཐབས་ནི་མེད་པས། །
ཐབས་མང་དཀའ་བ་ཉུང་བའི་མཎྜལ་གྱི་ཚོམ་བུ། །
ཕྱོགས་བཅུའི་རྒྱལ་བའི་མདུན་སར་ཕངས་མེད་དུ་འབུལ་མཛོད། །

ཚེ་རབས་ཐོག་མེད་ནས་བསགས་སྡིག་སྒྲིབ་ཀྱི་དྲི་མ། །
དག་བྱེད་གཉེན་པོ་སྟོབས་བཞིའི་ཆབ་རྒྱུན་འདི་ཡིན་པས། །
དཀྲུ་ཐབས་དམ་པ་རིགས་བརྒྱའི་ཡང་སྙིང་གི་བཟླས་པ། །
ཁོག་པའི་དབུགས་བཞིན་བགྲངས་ལ་སྡིག་ལྟུང་ཀུན་བཤགས་མཛོད། །

རིགས་བདག་བླ་མ་སངས་རྒྱས་ཀུན་དངོས་སུ་མོས་ནས། །
ཅི་མཛད་ལེགས་པར་མཐོང་བའི་ཡིད་ཆེས་ཀྱི་དད་པས། །
ཐུགས་ཡིད་དབྱེར་མེད་དབང་བཞི་ཡང་ཡང་དུ་ལོངས་ལ། །
སྤྱི་གཙུག་པདྨའི་གདན་ལ་འབྲལ་མེད་དུ་སྒོམས་ཤིག །

མདོར་ན་བུ་ངའི་བྱ་སྤྱོད་འཇིག་རྟེན་གྱི་སྣང་ངོར། །
སྨྱོན་པ་ལྟ་བུ་བཅས་བཅོས་མེད་པ་ཞིག་ཡིན་ཡང་། །
རྒྱལ་གསུང་དཔང་དུ་བཞག་ཀྱང་ཆོས་མཐུན་གྱི་འཚོ་བ། །
ཡིན་ཕྱིར་དྲིན་ཆེན་ཕ་མ་སེམས་ཁྲེལ་ཞིག་མ་མཛད། །

ཁོ་བོ་བསོད་ནམས་མི་དམན་རྟེན་བཟང་འདི་ཐོབ་ནས། །
དྲིན་ཅན་བླ་མ་མཇལ་བའི་བཀའ་དྲིན་གྱི་མཐུ་ལས། །
རང་རིག་ཆོས་སྐུའི་དགོངས་པའི་རང་ཞལ་དེ་མཐོང་ཞིང་། །
གུ་ཡངས་བློ་བདེའི་ངང་དུ་འགྱོད་མེད་དུ་གནས་ལགས། །

ཆེན་པོ་འགའ་བཞིན་མངོན་ལྐོག་མི་ཐུབ་པའི་ཚུལ་ཁྲིམས། །
ཕྱུག་པོའི་ངོ་སྲུང་བླུན་པོ་མགོ་སྐོར་གྱི་ལད་མོ། །
རང་གིས་དགོས་མེད་མཐོང་ནས་དོར་བ་ཡིན་མ་གཏོགས། །
མ་ཤེས་མ་འཇོན་རྗེས་ལུས་ཐེབས་པ་ཞིག་མ་ལགས། །

ཤི་བོ་མིག་ཁྲ་ལོག་པའི་འཕོ་འདེབས་ཀྱི་རྒྱུ་རྫས། །
གསོན་པོ་གཟེར་གྱིས་ཐེབས་པའི་ཡོན་བདག་གི་འབུལ་བ། །
ཐོབ་ཤོར་རེ་དོགས་སྤངས་ནས་སྤྲང་པོ་རུ་ལུས་ཀྱང་། །
བླ་གོ་མ་ཆོད་ཟེར་ཡང་འགྱོད་པ་རང་མེད་དོ། །

དབང་བསྐུར་ཆོས་བཤད་འབྲེལ་ཚད་དམྱལ་བ་རུ་འཁྲིད་ཅིང་། །
དགོན་སྡེ་གསར་བཞེངས་ལུང་སྟོང་སྐྱག་པ་ཡིས་བཀང་བའི། །
མི་མགོ་སྐོར་བའི་གཞན་དོན་སྣ་གཅིག་ཀྱང་མེད་མོད། །
སྤྲུལ་གོ་མ་ཆོད་ཟེར་ཡང་འགྱོད་པ་རང་མེད་དོ།།

ཞེས་པའང་ཡོངས་གྲགས་སུ་དཔལ་ཡུལ་དར་ཐང་མཆོག་སྤྲུལ་སྨྱོན་པ་འམ་འཆལ་པོ་མི་འཇོན་མཁན་ལྐུགས་པར་འབོད་པ་དེས་སྤྱི་ལོ་༡༠༩༡སྤྱི་ཟླ ༦ ཚེས ༨ཉིན་ཕ་མ་དྲན་པའི་ངང་ནའ་བྲིས་པ་ལགས་སོ།།  །།

微信公众号连结