བུ་ཡིས་ཕ་ལ་འབོད་སྟངས་འདི་འདྲ་ཡིན།

GuruRinphoche20201207

༼ བུ་ཡིས་ཕ་ལ་འབོད་སྟངས་འདི་འདྲ་ཡིན། ༽

༄༅། །ལེགས་སོ་ལེགས་སོ་ཤིན་ཏུ་ལེགས།།
ཡུལ་ནི་ཕ་གི་ན།།
ཉམས་དགའི་རི་བོ་ཞིག།
མིང་ལ་ཅི་ཞིག་གསོལ་ན།།
ཟངས་མདོག་དཔལ་རིར་གསོལ།།
དེ་ན་སུ་བཞུགས་སུ་མ་བཞུགས།།
སྣང་མཐའི་སྤྲུལ་བ་བཞུགས།།
དུས་གསུམ་སངས་རྒྱས་བཞུགས།།
འགྲོ་བའི་མགོན་པོ་བཞུགས།།
སྙིང་གི་དྭངས་མ་བཞུགས།།
སྲོག་གི་དབང་པོ་བཞུགས།།
གུ་རུ་པདྨ་བཞུགས།།
ཟ་ཧོར་མག་པ་བཞུགས།།
བོད་ཀྱི་བླ་མ་བཞུགས།།
མཚན་ལ་ཅི་གསོལ་ན།།
ཨོ་རྒྱན་པདྨ་ཞུ།།
དེ་ཡིས་ཅི་སྤྲུལ་ན།།
གུ་རུ་མཚན་བརྒྱད་སྤྲུལ།།
མེ་དཔུང་མཚོ་རུ་བསྒྱུར།།
པདྨ་རྒྱལ་པོ་ཟེར།།
བསྟན་པའི་བདག་པོ་བྱས།།
ཤཱཀྱ་སེང་གེ་ཟེར།།
ཚེ་དབང་རིག་འཛིན་བརྙེས།།
པདྨ་འབྱུང་གནས་ཟེར།།
ཡིད་འཛིན་དབང་མོ་བསྟེན།།
པདྨ་སམ་བྷར་གྲགས།།
ཤེས་བྱ་ཡིན་ཚད་མཁྱེན།།
བློ་ལྡན་མཆོག་སྲེད་ཟེར།།
མི་སྟེགས་བསྟན་པ་བསྣུབས།།
སེང་གེ་སྒྲ་སྒྲོག་ཡིན།།
སྒྲོལ་བའི་ལས་བྱེད་ན།།
རྡོ་རྗེ་གྲོ་ལོད་དོ།།
སྦྱོར་བའི་ལས་བྱེད་ན།།
ཉི་མ་འོད་ཟེར་རོ།།
ཡུམ་ནི་པང་དུ་བཟུང་།།
འཁོར་དུ་སུ་བཞུགས་ན།།
འཁོར་དུ་སུ་མ་བཞུགས།།
མཁའ་འགྲོ་མང་པོ་བཞུགས།།
གྲུབ་ཐོབ་གྲངས་མེད་བཞུགས།།
ཆོས་སྐྱོང་དཔག་མེད་བཞུགས།།
ཆོས་རྒྱལ་ཆེན་པོ་བཞུགས།།
བྷོ་དྷི་ས་ཏྭ་བཞུགས།།
བཻ་རོ་ཙ་ན་བཞུགས།།
གཡས་ན་སུ་བཞུགས་ན།།
ཡེ་ཤེས་མཚོ་རྒྱལ་བཞུགས།།
གཡོན་ན་སུ་བཞུགས་ན།།
མནྡ་ར་བ་བཞུགས།།
ཆས་གོས་ཅི་མནབས་ན།།
རབ་བྱུང་ཆས་གོས་མནབས།།
རྒྱལ་པོའི་ཆ་བྱད་གསོལ།།
སྔགས་པའི་ཆ་ལུགས་མཛད།།
གསོལ་བ་སུ་ལ་འདེབས།།
གསོལ་བ་ཁྱེད་ལ་འདེབས།།
གསོལ་བ་ཇི་ལྟར་འདེབས།།
ཁྱེད་བཞིན་འགྱུར་ཕྱིར་འདེབས།།
གསོལ་བ་སུས་འདེབས་ན།།
གསོལ་བ་བུ་ཡིས་འདེབས།།
བུ་ནི་སུ་ཡིན་ན།།
མཆོག་སྤྲུལ་སྨྱོན་པ་ཡིན།།
འདོད་དོན་ཅི་གསོལ་ན།།
བསྟན་པ་དར་བ་དང་།།
བསྟན་འཛིན་མཐུན་པ་དང་།།
ནད་ཡམས་ཞི་བ་དང་།།
འཛམ་གླིང་ཞི་བདེའི་ཕྱིར།།
ཁ་ཙམ་མ་ཡིན་པར།།
སྙིང་ནས་གསོལ་བ་འདེབས།།
གཞན་དོན་སུས་སྒྲུབ་ན།།
དེ་ཡིས་དོན་འགྲུབ་དགོས།།
དོན་གཉིས་མཐར་ཕྱིན་པའི།།
མཆོག་ཐུན་དངོས་གྲུབ་སྩོལ།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༡༧ལ།

བརྒྱུད་བསྐུར།    Facebook