མཆོག་སྤྲུལ་སྨྱོན་པའི་རྡོལ་གཏམ།

Choktrul20210222

 ༼ མཆོག་སྤྲུལ་སྨྱོན་པའི་རྡོལ་གཏམ། ༽

༄།   ། ད་ལྟའི་སྣང་བ་འདི་ཡི་ཕ་རོལ་ན། །
ལྷ་ཞིག་གསར་དུ་བཟོས་ནས་བསྒོམ་རྒྱུ་མེད། །
སེམས་ཀྱི་རང་བཞིན་ངོས་བཟུང་བྲལ་བ་འདི། །
རྟོགས་ན་དུས་གསུམ་སངས་རྒྱས་དགོངས་པ་ཡིན། །

ཡོད་པར་བསྒྲུབས་ཀྱང་དེ་དོན་སྟོང་པ་ཉིད། །
མེད་པར་བསྒྲུབས་ཀྱང་དེ་དོན་སྟོང་པ་ཉིད། །
ཡོད་མེད་ཇི་ལྟར་བསྒྲུབས་ཀྱང་སྟོང་པ་ཉིད། །
མངོན་སུམ་རྟོགས་ན་དགག་སྒྲུབ་དགོས་པ་ཅི། །

སྟོང་པའི་རང་བཞིན་དེ་ལས་མ་གཡོས་བཞིན། །
སྣང་བ་རྟེན་འབྲེལ་བསླུ་བ་མེད་པར་འཆར། །
དེ་ལ་བློ་ཡི་འཛིན་པ་མ་ཞུགས་ན། །
སྣང་སྟོང་འགལ་མེད་རིག་པའི་གྲོགས་སུ་འགྱུར། །

སྣང་བ་ཀུན་རྫོབ་ཞེས་པའི་འཁྲུལ་བ་དང་། །
སྟོང་པ་དོན་དམ་ཞེས་པའི་འཁྲུལ་བྲལ་གཉིས། །
བློ་ལ་འཛིན་སྟངས་ཞུགས་ན་གཉིས་ཀ་ཡང་། །
འཁོར་བའི་རྒྱུ་ཡིན་བཟང་ངན་ཅི་ཡང་མེད། །

སེམས་ལ་ཆགས་སྡང་ཉོན་མོངས་སྐྱེ་བའི་སྐབས། །
འཆར་བ་ཉིད་ནས་དྲན་པའི་རྩིས་ཟིན་ན། །
ཆོས་སྐུའི་རང་ཞལ་རྗེན་པ་དེ་ཡིན་པས། །
ཁོ་ཐག་ཆོད་ལ་རང་བབས་སྐྱོང་བ་གལ། །

མདོར་ན་ས་རྡོ་རི་བྲག་སྣང་བ་དང་། །
ཉོན་མོངས་རྟོག་དང་དགེ་བའི་སེམས་བྱུང་ཀུན། །
མ་བཅོས་ངང་ནས་མ་གཡེང་གནས་ཐུབ་ན། །
རིག་པའི་རང་ངོ་སྐྱོང་བ་དེ་ལ་གོ །

དེ་ལྟར་ཡུན་དུ་གོམས་པ་རྒྱུན་བསྐྱངས་ན། །
ནམ་ཞིག་ཉིན་མཚན་ཀུན་དུ་འོད་གསལ་གྱི། །
རྡོ་རྗེའི་རོལ་མོར་འབྱམས་སུ་ཀླས་པའི་ཚེ། །
དོན་གྱི་འོད་གསལ་རྗེན་པར་མཐོང་བ་ལགས། །

དེ་དུས་མཁའ་དང་མཉམ་པའི་འགྲོ་བ་ལ། །
ཡིད་བཞིན་ནོར་དང་དཔག་བསམ་ལྗོན་ཤིང་བཞིན། །
འབད་མེད་འགྲོ་དོན་ངང་གིས་འབྱུང་བའི་ཚེ། །
འགྲོ་བ་འདྲེན་པའི་མགོན་དུ་བཞེངས་པ་ལགས། །

ས་མཐར་འཁྱམས་པའི་མཆོག་སྤྲུལ་སྨྱོན་པ་ངས། །
རིགས་བདག་གྲུབ་དབང་བླ་མར་མོས་གུས་ཀྱིས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་ཐོབ་པའི་མཐུས། །
རྡོལ་གཏམ་འགའ་ཞིག་ཡི་གེར་བཀོད་པ་དགེ།

 མཆོག་སྤྲུལ་སྨྱོན་པས་སྤྱི་ལོ་༢༠༢༡ཟླ་༢ཚེས་༢༡ལ་བྲིས།

རང་སློབ་དམ་པ་མཆོག་རྡོ་རྗེའམ་སློབ་དཔོན་ཉི་མ་ཚེ་རིང་ནས་འཕྲུལ་དུ་བཏབ།   མཆོག་འཇམ་དབྱངས་སམ་ཡིད་བཞིན་འཁོར་ལོ་ནས་དག་བཅོས་བྱས་པ་དགེའོ།།

དབུ་ཤོག
Facebook link