ཡེ་ཤེས་བླ་མ།

ཡེ་ཤེས་བླ་མ།

࿑ དེ་རིང་ཁར་སང་གཏམ་འཆལ་ཞིག་གོ་ཐོས་ལ། རིག་འཛིན་འཇིགས་མེད་གླིང་པར་འཇིག་རྟེན་མིའི་སློབ་མ་ཀོང་སྨྱོན་སྦས་པའི་རྣལ་འབྱོར་དང་། མི་མིན་གྱི་སློབ་མ་ཞིང་སྐྱོང་ཌཱཀྐིའི་གཙོ་མོ་སྨན་བཙུན་བཀྲ་ཤིས་ཚེ་རིང་མ་སོགས་ཀྱིས་རྩོམ་པར་བསྐུལ་ཞིང་འགྲོ་ལ་ཕན་པའི་གཉེར་ཁ་དང་དུ་བླངས་པའི་ཀློང་ཆེན་སྙིང་ཐིག་ཆེན་མོའི་རྒྱབ་ཆོས་ཁྲིད་ཡིག་ཡེ་ཤེས་བླ་མ་འདི་ཉིད། ཀུན་མཁྱེན་བློ་མའི་མཛོད་བདུན་དང་དགོངས་པ་འགལ་འདུག་ཅེས་དང་། རིག་འཛིན་འཇིགས་མེད་གླིང་པ་ཐོས་བསམ་སྒོམ་གསུམ་ན་ཚོད་མ་སྨིན་པའི་སྐབས་སུ་བྲིས་པ་རེད་ཟེར་བ་སོགས། ཁྲིད་ཡིག་ཡེ་ཤེས་བླ་མའི་ཟབ་དོན་གྱི་དགོངས་པ་ཕར་ཞོག ཐ་ན་རྩོམ་པའི་དུས་ཚོད་ལའང་རྒྱུས་ལོན་མེད་པའི་འཆལ་གཏམ་ཞིག་སྤེལ་གྱིན་འདུག་ཟེར། གཏམ་དེ་བསམ་བློ་མ་བཏང་བའི་ཁ་མཚར་ཞིག་གམ་ཡང་ན་ཐུགས་ཐོག་ན་མེད་པར་སྨྱོས་པ་འམ་ར་བཟི་བ་གང་རུང་གི་སྐབས་སུ་བཤད་པའི་སྨྱོ་གཏམ་ཞིག་ཡིན་རྒྱུ་རེད། གལ་ཏེ་གཏམ་དེ་ཤེས་པ་རང་བཞིན་དུ་གནས་པའི་སྐབས་སུ་སྨྲས་པའི་མྱི་གཏམ་ཞིག་ཡིན་སྲིད་ན། རིག་འཛིན་འཇིགས་གླིང་གིས་ཀུན་མཁྱེན་ལན་གསུམ་ཞལ་གཟིགས་པ་རེད་ལ། དེ་འདྲ་ བཤད་མཁན་དེས་ཀུན་མཁྱེན་ཆེན་པོའི་ཞལ་ལན་དགུ་ལ་གཟིགས་ཡོད་དགོས་ཀྱི་རེད། རིག་འཛིན་འཇིགས་གླིང་ཁོང་ཉིད་ལས་འབྲེལ་རྫོགས་པ་ཆེན་པོ་ལས་སད་ནས་མགྲིན་པ་རྡོ་རྗེའི་གླུའི་དཀོར་མཛོད་དུ་གྱུར་བ་ལ། དེ་འདྲ་བཤད་མཁན་དེ་དེ་ལས་ལྡབ་འགྱུར་གྱི་ཡང་མཛོད་དུ་གྱུར་པ་ཞིག་ཡིན་དགོས་རྒྱུ་རེད། དེ་བཞིན་རིག་འཛིན་འཇིགས་མེད་གླིང་པས་ཀུན་མཁྱེན་ཆོས་རྗེའི་ཞལ་གཟིཀས་སྐབས་ཁོང་གིས་བསྟན་བཅོས་རྩོམ་པར་བསྐུལ་བ་རེད། དེ་འདྲ་བཤད་མཁན་དེ་ལ་ཀུན་མཁྱེན་ཆོས་རྗེས་མདོ་རྒྱུད་ཀྱང་རྩོམ་པར་བསྐུལ་ཡོད་དགོས་རྒྱུ་རེད། དེ་བཞིན་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པ་དགུང་གྲངས་སོ་དྲུག་ནས་མཉམ་བཞག་རྗེས་ཐོབ་དབྱེར་མེད་དུ་གྱུར་བ་ཁོང་ཉིད་ཀྱི་ཞལ་བཞེས་ཡིན་ན། དེ་འདྲ་བཤད་མཁན་དེ་དེ་ལས་ལྷག་པའི་རྟོགས་པ་ཁྱད་པར་ཅན་ཞིག་ཡིན་དགོས་པས། ངོ་ཚ་མི་ཤེས་པའི་སྐད་ཆ་དེ་འདྲ་བཤད་ནས་གསོན་པོར་འཚོ་བ་ལས། དུས་ལ་བབས་ན་དཔག་བསམ་ཤིང་ཡང་འགྱེལ།། མཐར་གྱི་འཆི་བ་ སེམས་ཅན་ཀུན་ལ་ཡོད།། ཟེར་བ་ཡིན་པས། ངོ་ཚ་ཆེན་པོ་རིན་གྱིས་མ་ཉོས་གོང་ནས་ལམ་གཞན་ཞིག་ལ་བསྙེགས་སོང་ཡོད་ནའང་ཅི་བྱེད། སྤྱིར་ན་གཏམ་འདི་རིགས་འབྱུང་བ་ནི་ཐོས་པ་ཆུང་བའི་སྐྱོན་ཡིན་ཏེ། བཀའ་པོད་དུ་གྲགས་པའི་པོད་ཆུང་འགའི་ཚིག་མཐའ་ནག་འདེད་དང་ཤིང་ཁ་ཤོག་ལྕེས་དཔེ་ཀློག་ཐན་ཐུན་ཅིག་མྱོང་བ་ཙམ་གྱིས། རྒྱལ་བའི་དགོངས་པར་ཐེའུ་རང་གིས་ལག་རྩེད་བྱེད་པ་འདི་རིགས་ཤིན་ཏུ་ནོར་ཚབ་ཆེ་བ་ཡིན་པས། ས་སྟེང་ན་ཀུན་མཁྱེན་ཀློང་ཆེན་པའི་དགོངས་པའི་གནད་འགྲེལ་བ་ལ་ཀུན་མཁྱེན་ཉིད་ཀྱིས་རྗེས་སུ་བཟུང་བ་རིག་འཛིན་འཇིགས་གླིང་ལས་ལྷག་པ་ལྟ་ཅི། མཉམ་པ་ཙམ་ཡང་མེད་ངེས་ཤིང་། མ་ཟད་དེ་ཡི་རྗེས་སུ་འགྲོ་བ་ཙམ་ཡང་མེད་པ་ནི་སྔ་འགྱུར་རྙིང་མའི་རིག་འཛིན་བརྒྱུད་པ་དང་བཅས་པར་ཡོངས་སུ་གྲགས་ཤིང་གྲུབ་པ་འདི་བཞིན་ལགས་ཤིང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་རྒྱུད་ཆེན་བཅུ་བདུན་དང་ཀློང་གསལ་འབར་མ་ཉི་མའི་སྙིང་པོའི་རྒྱུད་ཀྱི་དགོངས་པའི་ཟབ་གནད་ཐམས་ཅད་ལེགས་པར་བཀྲལ་བ། ཀུན་མཁྱེན་ཆོས་རྗེའི་ཞལ་གསུང་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་གསེར་ཤིང་ཇི་བཞིན་དུ། གང་ཟག་གཅིག་ཚེ་གཅིག་ལུས་གཅིག་ལ་གདོད་མའི་མགོན་པོའི་ས་ལ་བགྲོད་པར་བྱེད་པའི་ཐབས་སུ་གཏན་ལ་ཕབས་པའི་ཁྲེགས་ཆོད་དང་ཐོད་རྒལ་གྱི་མྱུར་ལམ་བརྗོད་མེད་གནས་ལུགས་ཀྱི་མཐར་ཐུག་སྒྲ་ཇི་བཞིན་པར་བསྟན་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ། རྟོག་གེའི་བསྟན་བཅོས་བྱེ་བ་འབུམ་ཕྲག་གིས་འགྲན་དུ་མེད་པ། ངེད་ སྙིང་མའི་བསོད་ནམས་ཀྱི་མཐུ་དང༌། རྫོགས་པའི་སངས་རྒྱས་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་ཡེ་ཤེས་ཆེན་པོའི་མཐུ་ལས་གྲུབ་པ། ཁྲིད་ཡིག་ཡེ་ཤེས་བླ་མ་འདི་ཉིད་ཀྱི་བླ་ན་མེད་པའི་རིན་ཐང་མི་ཤེས་པར། དེ་ལ་འགྲིག་དང་མི་འགྲིག་གི་གོང་ཚོད་རྒྱག་མཁན་དེ་ལ། ཁ་ཆུ་ཚན་གྱིས་མི་ཁོག་པར་མང་པོ་ཞིག་བཤད་རྒྱུ་ཡོད་ན། ངོས་བཟུང་མེད་པའི་དགག་པ་དང༌། ཞིབ་ཆ་མེད་པའི་ཧོབ་བཤད་ཙམ་མིན་པར། ཚིག་རེ་དང་དོན་རེ་ཐོད་གཏུགས་ནས། འདི་དང་འདི་གཉིས་འགལ་འདུག་ཅེས་གསལ་བོར་སྨོས་དང༌། དེ་དུས་མཁས་པའི་ལུགས་ཀྱི་བགྲོ་གླེང་ལེགས་པར་བྱ་ཡི། དེ་ལྟར་མིན་པར་རྒྱུ་མཚན་མེད་པའི་ཁ་གཏོང་མི་བྱེད་པར་ཞུ་འོ།།

གཙང་པ་རྒས་པོ་འཇིགས་མེད་གླིང་པ་ཡིས། །
ཀུན་མཁྱེན་བརྒྱུད་པའི་བྱིན་རླབས་ཐོབ་པའི་མཐུས། །
ལེགས་གསུང་ཆོས་སྐུའི་མཆོད་སྡོང་ཆེན་པོ་འདི། །
མཆོད་པའི་རྟེན་དུ་ཐོབ་པ་སྐལ་བ་བཟང་། །

དྲི་མེད་འོད་ཟེར་དགོངས་པ་ཡིན་མིན་སོགས། །
རྩོད་པར་འདོད་ན་རྒྱུད་ཆེན་བཅུ་བདུན་དང་། །
ཡང་ཏིག་གསུམ་དང་མཛོད་ཆེན་བདུན་ལ་སོགས། །
དཔང་པོར་བྱས་ནས་དགག་སྒྲུབ་ལས་ལ་འཇུག །

དེ་ལྟ་མིན་པར་བླུན་པོའི་ཁྱུ་ཚོགས་ལ། །
རང་མཐོང་ཧམ་པའི་འཆལ་གཏམ་མང་པོ་ཞིག།
སྒྲོག་པ་འདི་དག་མཚོ་སྐྱེས་རྒྱལ་བསྟན་ལ། །
ག་ཞ་སློང་པ་ཡིན་པས་སྤང་བར་མཛོད།།

ཀུན་མཁྱེན་ཡབ་སྲས་ལ་མི་ཕྱེད་པའི་དད་པ་ཐོབ་པ། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའི་གནད་ལ་གཞན་དྲིང་མི་འཇོག་པའི་ཤེས་རབ་ཅན་མཆོག་སྤྲུལ་སྨྱོན་པས་ཤར་མར་བྲིས།

སྤྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༧ ལ།

Facebook link