ཐམས་ཅད་ལ་ཕྱག་འཚལ་ལོ།

頂禮遍一切處

༄། །ཐམས་ཅད་ལ་ཕྱག་འཚལ་ལོ།།

དགེ་སློང་ངུར་སྨྲིག་འཛིན་ལ་ཕྱག་འཚལ་ལོ། །
གཞན་གནོད་གཞི་བཅས་སྤོང་ལ་ཕྱག་འཚལ་ལོ། །
ཡོན་ཏན་བཅུ་གཉིས་ལྡན་ལ་ཕྱག་འཚལ་ལོ། །
གཞི་གསུམ་ལག་ལེན་མཛད་ལ་ཕྱག་འཚལ་ལོ། །
བསྟན་རྩ་དགེ་སློང་ཀུན་ལ་ཕྱག་འཚལ་ལོ། །
ཁྱིམ་པ་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །

མཆོག་གསུམ་བླ་མར་བྱེད་ལ་ཕྱག་འཚལ་ལོ། །
གཞན་ཕན་རྒྱ་ཆེར་མཛད་ལ་ཕྱག་འཚལ་ལོ། །
ཕ་རོལ་ཕྱིན་དྲུག་སྒྲུབ་ལ་ཕྱག་འཚལ་ལོ། །
བསྡུ་བ་རྣམ་བཞི་མཛད་ལ་ཕྱག་འཚལ་ལོ། །
སྔགས་འཆང་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །
བསྐྱེད་རྫོགས་ཟུང་དུ་འཇུག་ལ་ཕྱག་འཚལ་ལོ། །
བསྙེན་སྒྲུབ་རྣམ་བཞི་སྒྲུབ་ལ་ཕྱག་འཚལ་ལོ། །
སྦྱོར་སྒྲོལ་བརྟུལ་ཞུགས་ཅན་ལ་ཕྱག་འཚལ་ལོ། །

རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །
བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །
ཉན་ཐོས་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །

རི་བོ་དགེ་ལྡན་པ་ལ་ཕྱག་འཚལ་ལོ། །
དཔལ་ལྡན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །
འགྲོ་མགོན་བཀའ་བརྒྱུད་པ་ལ་ཕྱག་འཚལ་ལོ། །
ཇོ་ནང་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །
སྔ་འགྱུར་རྙིང་མ་པ་ལ་ཕྱག་འཚལ་ལོ། །
གཡུང་དྲུང་བོན་པོ་རྣམས་ལ་ཕྱག་འཚལ་ལོ། །
ཕྱི་ནང་གྲུབ་མཐའ་ཀུན་ལ་ཕྱག་འཚལ་ལོ། །

ཕ་མ་སེམས་ཅན་ཡོངས་ལ་ཕྱག་འཚལ་ལོ། །
དྲིན་ཆེན་དྲིན་ལན་འཇལ་བར་བྱིན་གྱིས་རློབས། །

སྡང་བའི་དགྲ་བོ་ཀུན་ལ་ཕྱག་འཚལ་ལོ། །
ཚེ་འདིར་བར་ཆད་ཞི་བར་བྱིན་གྱིས་རློབས། །

གནོད་བྱེད་བགེགས་རིགས་ཀུན་ལ་ཕྱག་འཚལ་ལོ། །
ཕྱི་མའི་ལམ་སྣ་འདྲེན་པར་བྱིན་གྱིས་རློབས། །

བྱམས་པའི་གཉེན་ཉེ་ཀུན་ལ་ཕྱག་འཚལ་ལོ། །
ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །

མཐོང་ཐོས་དྲན་རེག་ཀུན་ལ་ཕྱག་འཚལ་ལོ། །
འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །

བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །
རང་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །

དཔལ་ལྡན་བླ་མའི་ཡུམ་ལ་ཕྱག་འཚལ་ལོ། །
སྟོང་ཉིད་ཤེས་རབ་རྟོགས་པར་བྱིན་གྱིས་རློབས། །

རྡོ་རྗེའི་མཆེད་ལྕམ་རྣམས་ལ་ཕྱག་འཚལ་ལོ། །
དག་སྣང་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས། །

འཁོར་གཡོག་སྒོ་ཟོག་ཀུན་ལ་ཕྱག་འཚལ་ལོ། །
བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །

ན་ན་ཀུན་གྱི་ན་གོ་ཆོད་པར་ཤོག །
ཤི་ན་ཀུན་གྱི་ཤི་གོ་ཆོད་པར་ཤོག །
ངན་པ་ཐམས་ཅད་བདག་ལ་སྨིན་པར་ཤོག །
བཟང་པོ་ཐམས་ཅད་ཀུན་ལ་འཐོབ་པར་ཤོག །

རང་གཞན་ཀུན་གྱིས་དེ་ལྟར་བསམ་ཐུབ་ན་ཆོས་པ་རྣམ་པར་དག་པའི་ཚད་དམའ་མོ་ཞིག་ཏུ་འགྲོ་ཐུབ་བམ་སྙམ།   མཆོག་སྤྲུལ་བདག་གི་ཁ་ཞེ་གཉིས་མེད་ཀྱི་བསམ་ཚུལ་ཡིན།   དེ་བཞིན་འགྲུབ་པར་ཤོག   སྤྱི་༢༠༢༠ཟླ་༨ཚེས་༢༠ཉིན་བཟང་པོར་ཕུལ།

རྒྱ་ཡིག    頂禮遍一切處
དབྱིན་ཇིའི་ཡིག    Bow to All of the Dharmadhatu
Facebook link

བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།