རིག་སྟོང་ཡེ་ཤེས་རྗེན་པར་སྟོན་པའི་མཆིད་ལན་གསེར་གྱི་མེ་ཏོག

Choktrul20210408

༼ རིག་སྟོང་ཡེ་ཤེས་རྗེན་པར་སྟོན་པའི་མཆིད་ལན་གསེར་གྱི་མེ་ཏོག ༽

༡ ༽
༄། །ཨེ་མ་སྐལ་ལྡན་དལ་ཅིག་བདག་ལ་གསོན།།
ད་ལྟའི་རང་གི་སེམས་ལ་ལྟོས་ཤིག་དང་།།
གོ་མ་འགགས་པ་ད་ལྟའི་ཤེས་པ་འདི།།
རིག་པ་ཡེ་ཤེས་ཆེན་པོ་འདི་ལས་མེད།།

༢ ༽
དེ་ནས་ཕར་ལ་གཟིགས་དང་རིགས་ཀྱི་བུ།།
ཇི་ལྟར་མཚོ་ལ་གཟའ་སྐར་བཀྲ་བ་བཞིན།།
སྣང་བ་ལྷུན་གྲུབ་སྐུ་དང་ཞིང་ཁམས་རྣམས།།
ཤར་བ་ཙམ་འདི་གསལ་བའི་རང་བཞིན་ལགས།།

༣ ༽
གཉིས་འཛིན་ཅན་ངོར་སེམས་རིག་འབྱེད་པ་ལས།།
སེམས་ཉིད་ཅི་བཞིན་རྟོགས་པའི་རྣལ་འབྱོར་ངོར།།
ད་ལྟ་མཐོང་བའི་གསལ་ལེ་ཧྲིག་གེ་ལས།།
སེམས་དང་རིག་པའི་ཐ་སྙད་དབྱེ་རྒྱུ་མེད།།

༤ ༽
བདེ་གཤེགས་སྙིང་པོ་ཞེས་པའི་སྒྲ་ཆེན་པོ།།
འགྲོ་བ་ཀུན་ལ་ཡེ་ནས་ལྷུན་གྱིས་གྲུབ།།
ལུས་སེམས་གང་དུའང་མི་གཏོགས་དེ་མི་འབྲལ།།
བསམ་གྱིས་མི་ཁྱབ་ཚུལ་གྱིས་བཞུགས་ནས་ཡོད།།

༥ ༽
ས་རྡོ་རི་བྲག་སྣང་བ་སྣ་ཚོགས་ཀུན།།
སྣང་ཙམ་ཉིད་ནས་གཤིས་ལས་གཡོ་མ་མྱོང་།།
རང་སྣང་ཆོས་ཉིད་རྟོགས་པའི་སྒོམ་ཆེན་ངོར།།
ཐམས་ཅད་ཡེ་སངས་རྒྱས་པའི་ངོ་བོར་བཞུགས།།

༦ ༽
དབྱིངས་ཀྱི་རིག་པ་ལུང་མ་བསྟན་གཡོས་ཏེ།།
གློ་བུར་འཁྲུལ་བས་སེམས་ཅན་གསར་དུ་སྐྱེས།།
འཁྲུལ་ཙམ་ཉིད་ནས་དྲི་མ་འབྲལ་རུང་དུ།།
གནས་ཕྱིར་གློ་བུར་སྒྲ་འདི་བརྗོད་དུ་རུང་།།

༧ ༽
ཆོས་རྣམས་ངོ་བོས་སྟོང་ཉིད་ཡིན་པའི་ཕྱིར།།
ཟ་ལྟར་སྣང་ལ་འདོར་བ་ལྟར་དུ་སྣང་།།
སྣང་བའི་ས་རུ་སྣང་བ་མ་གྲུབ་ཀྱང་།།
སྣང་བ་རྟེན་འབྲེལ་དུ་མའི་ཚུལ་དུ་འཆར།།

༨༽
དེ་ལྟར་རང་ལ་མྱོང་བ་མེད་ན་ཡང་།།
བརྒྱུད་གསུམ་བླ་མའི་ཞལ་རྒྱུན་རིན་པོ་ཆེ།།
ཕ་ནོར་བུ་ལ་འཕྲོད་པའི་ངང་ཚུལ་གྱིས།།
སྦ་གསང་མེད་པར་ཁྱེད་ལ་ཞུས་པ་ཡིན།།

ཞེས་པའང་དཔལ་ཡུལ་དར་ཐང་དགོན་པའི་རྒྱ་ཞག་མཁན་པོ་ཆོས་སྐྱབས་མཆོག་ནས།   བྲིས་ལན་རྟོགས་འབུལ་གྱི་ཚུལ་དུ་གནང་བ་ལ།   གུས་པ་རང་ནས་ཀྱང་དད་གུས་སྤྲོ་བ་ཚད་མེད་ཀྱི་ངང་ནས།   སླར་ཡང་ཁྱེད་ལ་རྫོགས་ཆེན་རང་ལུགས་ལྟར་བཀྲལ་ནས་མཆིད་ལན་དུ་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག།
མཆོག་སྨྱོན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༤ལ།

བརྒྱུད་བསྐུར།    Facebook

མཆོག་པཎ།