ཚད་གྲུབ་ཀྱི་རྣམ་བཞག་སྒྲོན་སྐར་ཟླ་ཉིཞེས་བྱ་བ་བཞུགས།

Choktrul20201129

༼ ཚད་གྲུབ་ཀྱི་རྣམ་བཞག་སྒྲོན་སྐར་ཟླ་ཉིཞེས་བྱ་བ་བཞུགས། ༽

༄།   །སྤྱིར་ཚད་མས་གྲུབ་ཟེར་བའི་ཚད་མ་འདི་ལ།   དབྱེ་ན།   ཐ་སྙད་དཔྱོད་པའི་ཚད་མ་དང་།   དོན་དམ་དཔྱོད་པའི་ཚད་མ་དང་།   རྣལ་འབྱོར་ལམ་མངོན་ཚད་མ་དང་།   སངས་རྒྱས་ཀྱི་མཁྱེན་གཉིས་ཚད་མ་སོགས་སུ་དབྱེར་རུང་།   ཚད་མ་ཆ་ཚང་གི་རྣམ་བཞག་མ་ཤེས་ན།   ཤེས་བྱ་ཆ་ཚང་ལ་དཔྱད་པ་གཏོང་ཐབས་མེད་ལ།   ཚད་མ་ཆ་ཚང་ཞིག་ཤེས་པ་ལ།   བཅུ་ཕྲག་རིག་པའི་ནང་ཚན་གྱི་ཚད་མའི་གཞུང་ལུགས་ཙམ་ཤེས་པས་གཏན་ནས་འོང་ཐབས་མེད།   དེས་ན་ཚད་མ་ཡིན་ན་ཐ་སྙད་དཔྱོད་པའི་ཚད་མ་ཡིན་དགོས་བསམ་མཁན་ཞིག་ལ་མཚོན་ན།   ངའི་མིག་གིས་མི་མཐོང་བའི་གཟུགས་ཤེས་བྱ་ལ་མི་སྲིད་ཅིང་།   ངའི་རྣ་བས་མི་ཐོས་རྒྱུའི་སྒྲ་འཇིག་རྟེན་ན་མེད་བསམ་མཁན་ཞིག་དང་གཉིས་སུ་མེད།    དེས་ན་ཤིན་ཏུ་ཁྱབ་ཆུང་ཞིང་བརྟགས་ན་ཕུག་མི་ཐུབ་པའི་སོ་སྐྱེས་ཀྱི་བློ་ཚད་མ་འདི་དག་ནི།   འཕགས་པའི་མངོན་རྟོགས་ཚད་མ་སོགས་ཚད་མ་ཕྱི་མའི་མདའ་མདུང་རྣོན་པོའི་ཁ་ནས་ཐར་ཐབས་གཏན་ནས་མེད་པ་ནི།   དཔེར་ན་ཐག་ཕྲ་སྦྲུལ་འཛིན་ལྟ་བུ་ཆ་བཞག་ན།   ཐག་པའི་སྟེང་དུ་སྦྲུལ་མེད་པ་དང་སྤུ་ཉག་ཚོགས་པའི་སྟེང་ཐག་པ་མེད་པ་ནི་ཐ་སྙད་ཚད་མ་རང་གིས་སྒྲུབ་ཐུབ་མོད།   སྤུ་ཉག་རེ་རེ་ནས་བདེན་པར་མ་གྲུབ་པ་ནི་ཐ་སྙད་ཚད་མས་སྒྲུབ་མི་ནུས་པར་མ་ཟད།   ཐ་སྙད་ཚད་མ་རང་གི་གྲུབ་དོན་ནི་སྤུ་ཉག་རེ་རེ་ནས་བདེན་པར་གྲུབ་དགོས་པ་དེ་རེད།   འོན་ཀྱང་དོན་དཔྱོད་ཚད་མས་དཔྱད་ཚེ་སྤུ་ཉག་མ་རེ་རེ་ནས་གཞི་མེད་རྩ་བྲལ་ཡིན་པ་སྒྲུབ་པར་ནུས་ཤིང་།   དེ་བཞིན་དུ་ཚད་མ་ཕྱི་མ་རྣམས་ཀྱིས་གཟིགས་ངོར་འདི་ལྟར་ཡིན་ཏེ།   ཐི་གུ་དེ་ཐམས་ཅད་དབང་དུ་འགུགས་པའི་ལྕགས་ཀྱུ་ཡིན་པ་རྣལ་འབྱོར་ལམ་མངོན་ཚད་མས་སྒྲུབ་ནུས་ཤིང་།   ཐི་གུ་དེ་ཡང་དོན་ཡོད་ཞགས་པ་ཡིན་པ་སངས་རྒྱས་ཀྱི་མཁྱེན་གཉིས་ཚད་མས་སྒྲུབ་ནུས།   དེར་མ་ཟད་མ་ཧེའི་མགོ་གཅིག་ལ་ཆ་བཞག་ན།   ཤན་པའི་ངོར་གཅད་རྒྱུ་ཡིན་པ་དང་།   ཤ་ཟན་གྱི་ངོར་དེ་ཟས་སུ་གྲུབ་པ་དང་།   བྱང་ཆུབ་སེམས་དཔའི་ངོར་ཕ་མའི་མགོ་ཡིན་པ་དང་།   སངས་རྒྱས་ཀྱི་ངོར་རྡོ་རྗེ་འཇིགས་བྱེད་ཀྱི་དབུ་རུ་གྲུབ་པ་ལྟ་བུ་ཡིན།   དེ་ཕྱིར་རང་རེ་ཚོས།   འདི་བདེན་འདི་རྫུན་ཟེར་བའི་བློ་ལྟོས་ཀྱི་ཚད་མ་ཡོད་ཚད་ནི།   གནས་སྐབས་ཀྱི་སྣང་ལུགས་ཙམ་ལ་བདེན་གྲུབ་ཀྱི་ཤོག་ཞྭ་བསྐོན་པ་ཙམ་ལས་མཐར་གཏུགས་ན་གང་ལའང་ཡིན་ངེས་ཤིག་མེད་པ་ནི་མ་ཤེས་ཐབས་མེད་ཡིན།    དེ་ཡང་ཚད་མ་དང་ཚད་མིན།    ཡིན་མིན་ཡོད་མེད་ཐམས་ཅད་སྣང་བ་འདི་ཁོ་ནའི་སྟེང་ནས་འཇོག་དགོས་ཏེ།   སྟོང་བའི་རང་བཞིན་སྤྲོས་མཐའ་ཀུན་བྲལ་ལ་དེ་དག་གི་རྣམ་བཞག་བྱ་ཐབས་མེད་པས་སོ།།

དེས་ན་འཁོར་འདས་གཉིས་ཀྱི་མཚམས་ཡང་སྣང་བ་འདིས་འབྱེད་དགོས་ཤིང་།   སོ་སྐྱེས་སྐབས་ཀྱི་འགྲོ་བ་རིགས་དྲུག་དང་།   འཕགས་པའི་དུས་ཀྱི་ས་བཅུ་ལམ་ལྔ་སོགས་ཡོད་ཚད་ནས་ཡོད་ཚད་སྣང་བ་འདིའི་སྟེང་ནས་དབྱེ་དགོས།   དེར་མ་ཟད་ཆོས་དང་འཇིག་རྟེན་གྱི་རྣམ་བཞག་ཐམས་ཅད་དང་།   རིག་གཞུང་སྣ་ཚོགས།   བསམ་བློ་སྣ་ཚོགས།   དར་སྲོལ་གསར་རྙིང་སྣ་ཚོགས།   མདོར་ན་བཟང་ངན་བླང་དོར་ཐམས་ཅད་ཀྱང་སྣང་བ་འདིའི་སྟེང་ནས་འཇོག་དགོས་པས།   སྣང་བ་འདི་ངོ་ཤེས་ཐབས་ལ་འབད་དགོས་པ་ནི་གནད་ཀྱི་དམ་པ་ཡིན་ཏེ།   སྣང་བ་འདི་ལས་ལོགས་ཤིག་ན་ཆོས་ཟབ་ཟབ།   ལྟ་བ་མཐོ་མཐོ།   སྒོམ་པ་བཟང་བཟང་།   འབྲས་བུ་ཆེ་ཆེ་ཞིག་ཡོད་ཚུལ་ཇི་ལྟར་བཤད་ཀྱང་རང་གཞན་ཀུན་གྱི་སེམས་རྒྱུད་ལས་ཐ་དད་དམ་ལོགས་ཤིག་ཏུ།   མ་མཐོང་རྒྱང་གི་གཏམ་རྒྱུད་ལྟ་བུར་སོང་ན།   མོ་གཤམ་བུ་མོའི་མཛེས་སྡུག་ལ་དཔྱད་པ་ལྟར་དོན་མེད་འབའ་ཞིག་ཡིན།   དེ་ཡང་སྣང་བའི་ཡིན་ལུགས་ལ་བསམ་ན།   སྔགས་གསར་མའི་སྐབས་སུ་སྣང་བ་རེ་ཁ་མ་ནག་པོ་ཡིན་པར་གསུངས་མོད།   སྔགས་རྙིང་མའི་སྐབས་སུ་དབྱིངས་ཀྱི་སྣང་བ་མཐར་ཐུག་པ་དེ་ཡང་ངོས་འཛིན་ས་སྣང་བ་འདི་ལས་ལོགས་ཤིག་ན་མེད་པ་ནི།   རྒྱུད་སྡེ་ཟབ་མོ་རྣམས་ཀྱི་དངོས་ཤུགས་བརྒྱུད་གསུམ་ན་གསལ།   དེས་ན་འདི་ཐམས་ཅད་ཀྱི་དབྱེ་བ་ལེགས་པར་འབྱེད་པ་ལ།   དང་པོ་ཚད་མའི་དབྱེ་བ་དང་རྣམ་བཞག་འདི་མ་ཤེས་ཐབས་མེད་ཀྱི་གལ་ཆེན་ཞིག་རེད།   དེ་ཡང་བཀའ་དང་པོ་ནས་གསུངས་པའི་གང་ཟག་ནི་ཁུར་འཁུར་བ་པོ་དང་།   ཕུང་ལྔ་ནི་ཁུར་བོ་ཡིན་པར་བསྟན་པའི་ཐ་སྙད་ཚད་མའི་སྐོར་དང་།   བཀའ་བར་མཐའི་དགོངས་པའམ་ཐེག་ཆེན་དབུ་སེམས་ཀྱི་གཞུང་ལས་བསྟན་པའི་དོན་དཔྱོད་ཚད་མའི་སྐོར་དང་།   སྔགས་རྒྱུད་ཟབ་མོ་དག་ལས་བསྟན་པའི་དག་གཟིགས་ཚད་མའི་སྐོར་སོགས་ཚད་མའི་སྐོར་ཐམས་ཅད་ལ་དབྱེ་འབྱེད་ལེགས་པར་མ་བྱས་ན།   རང་གི་བློ་ལ་འཇོག་བདེ་བ་ཞིག་དང་།   ཡང་ན་རང་གི་གྲུབ་མཐའི་སློབ་དཔོན་གྱི་རྗེས་སུ་འབྲང་བ་ཙམ་ལས་རྒྱུ་མཚན་གཞན་ཅི་ཡང་མི་མཁྱེན་པར།   གཞུང་འགྲེལ་ཕྱོགས་རེ་བ་ཞིག་ལ་འགྲེལ་བཤད་ཡམ་ཡོམ་ཞིག་རྒྱག་ཐུབ་པ་ཙམ་དང་།   ཆོས་གྲྭ་འགའ་རེ་ནས་དམ་བཅའ་པར་པུར་རེ་འཛིན་མྱོང་བ་ཙམ་དང་།   ཚ་འཁོར་གསུམ་རེ་ཟེར་ནས་ཐལ་མོ་རེ་སྡེབ་མྱོང་བ་ཙམ་ལ།   དེང་སང་མཁས་དབང་མཁས་དབང་ཟེར་བ་དང་།   དེའི་སྐོར་དེ་ཚོ་རིགས་པ་སྨྲ་བ་རེད་ཟེར་ནས་འུར་འུར་ཆེན་པོ་བྱེད་ཀྱིན་འདུག་པ་ནི།   རྒྱ་མཚོ་མ་མཐོང་བའི་ཁྲོན་པའི་སྦལ་བས་རང་གི་སྡོད་གནས་ཆུ་མིག་ལྐུགས་པ་ལ་བཅང་བའི་སེམས་ཚོར་དང་གཉིས་སུ་མེད་པ་མཁྱེན་པར་མཛོད་ཅིག

ཐོས་བསམ་ན་ཚོད་ཕྲ་བ་མིན་ན་ཡང་། །
ཟབ་མོ་སྒོམ་པའི་མྱོང་བ་མི་ལྡན་པས། །
མཁས་གྲུབ་དགྱེས་པའི་གཏམ་ཞིག་མེད་ནའང་། །
མི་ཚེ་ཐོས་པས་བསྐྱལ་འདིས་རང་བློ་བདེ། །

གངས་ཅན་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །
གང་ལ་ཞུགས་ན་དེའི་འབྲས་འཐོབ་མོད་ཀྱང་། །
བདག་ནི་རྙིང་མའི་བསྟན་ཞབས་སྐྱེས་པའི་མི། །
མཚོ་སྐྱེས་རྒྱལ་བའི་རང་ལུགས་འཛིན་ལ་མོས། །

དེ་ལྟ་ན་ཡང་གཞན་ལ་ཕྱོགས་རིས་ཀྱིས། །
སྐུར་འདེབས་ཆོས་སྤོང་ལས་ལ་དུག་ལྟར་འཛེམས། །
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གྱིས། །
ཚེ་ཡིས་ལྷག་མར་རང་རྒྱུད་འདུལ་ལ་སྤྲོ།།

རིགས་པ་སྨྲ་བའི་གྲལ་མཐར་གནས་པ་ཤཱཀྱའི་དགེ་བསྙེན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནམ་དཔལ་ཡུལ་མཆོག་སྤྲུལ་སྨྱོན་པ་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༩ལ།

རྒྱ་ཡིག   清淨與不清淨
དབྱིན་ཇིའི་ཡིག    Assertion of there being pure and impure external objects
བརྒྱུད་བསྐུར།    Facebook

མཆོག་པཎ།