གནས་དོན་དྲི་བ་ཐོག་འབེབས་མ་བཞུགས་སོ།

Choktrul20201121

༼ གནས་དོན་དྲི་བ་ཐོག་འབེབས་མ་བཞུགས་སོ།། ༽

ཞྭ་མོ་དམར་སེར་གྱོན་པའི་མཁན་པོ་དང་།།
ང་མཁས་ང་བཙུན་སྙམ་པའི་མཁས་དབང་ཚོ།།
དལ་ཅིག་བག་ཕེབས་སྙན་གྱི་དབང་པོ་གཏོད།།
ཞུ་མཆིད་ཁུ་བྱུག་རོལ་མོ་འདི་རུ་རྡུང་།།

སེམས་དང་ཡེ་ཤེས་ཤན་འབྱེད་སྐབས།།
རིག་པ་ཡེ་ཤེས་ཆེན་པོ་དེ།།
གསལ་རིག་ཙམ་ཞིག་ཡིན་ནམ་མིན།།
ཡིན་ན་སེམས་སུ་འདོད་དམ་ཅི།།

བདེ་གཤེགས་སྙིང་པོ་ཞེས་བྱ་བ།།
ལུས་སེམས་གཉིས་ལས་གང་དུ་འཇོག།
ལུས་ཡིན་བེམ་པོར་ཐལ་བ་དང་།།
སེམས་ཡིན་སངས་རྒྱས་ཇི་ལྟར་འཐད།།

ས་དང་རྡོ་སོགས་བེམ་པོ་ལ།།
རིག་པའི་ཡེ་ཤེས་ཡོད་དམ་མེད།།
ཡོད་ན་དེ་ཡིས་ཆོས་ཀུན་གྱི།།
གནས་ལུགས་ཇི་བཞིན་མཁྱེན་ནམ་ཅི།།

མེད་ན་ཆོས་ཀུན་རིག་པ་ཡི།།
ཀློང་དུ་གཅིག་ཚུལ་སྒྲུབ་དཀའ་ཞིང་།།
མ་དག་བློ་འདིའི་སྣང་ཡུལ་གྱི།།
ཕྱི་དོན་བདེན་པར་གྲུབ་པར་འགྱུར།།

བླ་མ་མི་ཕམ་ཆོས་རྗེ་ཡིས།།
སེམས་ཅན་གསར་སྐྱེ་ཡོད་པར་བཞེད།།
དེ་ལྟ་ན་ནི་འཁོར་བ་ལ།།
ཐོག་མ་མེད་པར་ཇི་ལྟར་སྒྲུབ།།

ཐོག་མ་མེད་པའི་སེམས་དེ་ཉིད།།
གློ་བུར་དྲི་མས་བསྒྲིབས་སོང་ཟེར།།
ཐོག་མ་མེད་ནས་དེ་ཡོད་ན།།
གློ་བུར་སྒྲ་འདི་ཇི་ལྟར་འཇུག།

ཆོས་རྣམས་སྟོང་པ་ཉིད་ཡིན་ན།།
ཟ་མ་ཟ་མའི་སྟོང་ཉིད་གཉིས།།
གཅིག་ན་སྟོང་ཉིད་ཟ་འགྱུར་ཞིང་།།
གཞན་ན་ཟ་མ་བདེན་གྲུབ་འགྱུར།།

ཕྱི་ལྟར་སྐྱ་མིན་སེར་མིན་ཕུང་སུམ་པར།།
ནང་དུ་ཡེ་ཤེས་ཉི་མ་ལེགས་ཤར་བས།།
དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་དཔྱོད་ཀྱི།།
རྗེས་སུ་ཟློ་བ་བདག་གིས་དེ་སྐད་འདྲི།།

ཡིན་མིན་དྲི་བར་ཡོད་མེད་ལན་མ་འདེབས།།
སྤྲང་བོའི་ཟས་ལྟར་གཞན་ཟེར་བསྡུ་རུག་གིས།།
ཉག་ཉོག་མིན་པར་ཚིག་ཉུང་དོན་འདུས་པའི།།
རང་གི་གོ་དོན་བཞིན་དུ་ལན་སྨོས་ཤིག།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ༡༡ཚེས་༡༩ལ་བྲིས་ནས་ཕྱོགས་སུ་སྤྲིངས་པ་འོ།།

རྒྱ་ཡིག   覺性六問難
དབྱིན་ཇིའི་ཡིག   Six Dialectics on Awareness
བརྒྱུད་བསྐུར།    Facebook

མཆོག་པཎ།