དྲི་བ་ཐོག་འབེབས་མ་ལ་ལན་གསུང་མཁན་ཚོར་སྔོན་བརྡ་ཞིག་ཡོད།

Choktrul20201123

༼ དྲི་བ་ཐོག་འབེབས་མ་ལ་ལན་གསུང་མཁན་ཚོར་སྔོན་བརྡ་ཞིག་ཡོད། ༽

༄།   །ཀཿཐོག་མཁན་པོ་མཁྱེན་རབ་འོད་ཟེར་དང་།   གསེར་རྟ་ཕུག་དགོན་མཁན་པོ་གུ་དྲག་ཉི་མ།   ཙནྡྲ་ཛྙཱ་ན་གཙོས་མཁས་དབང་རྣམས་ཀྱིས་ང་ཡི་དྲི་བ་ལ་ཐུགས་ཁུར་དང་དོ་སྣང་གནང་བར་བཀའ་དྲིན་ཆེ་ཞུ།   འོན་ཀྱང་རྔ་རྡུང་ཚེ་རྔ་མཐིལ་ལ་བརྡུང་དགོས་པ་ལས།   རྔ་ཤིང་དང་རྔ་ཡུ་བརྡུངས་པ་ཡིན་ན།   རྔ་སྐད་ངོ་མ་གྲག་ཐུབ་ཀི་མ་རེད།   དེའི་ཕྱིར་ལན་གནང་རྒྱུར་ཐུགས་བྲེལ་མི་དགོས།   ཞིབ་ཏུ་ཐུགས་བསམ་བཞེས་ནས་ཡང་བསྐྱར་བྲིས་ན་འཚམས་སྲིད།   ང་ཚོ་རིགས་པ་སྨྲ་བ་ཞིག་ཡིན་ནས་བཟུང་།   སྤྱི་བཤད།   སྦོམ་བཤད།   ཧམ་བཤད།   མ་བརྟགས་པར་བཤད་པ་རྣམས་དུག་ལྟར་འཛེམ་རྒྱུ་གལ་ཆེན་ཡིན་པ་ལོས་མཁྱེན།   གནད་ལ་ཁེལ་བ་འདྲ་ཡོད་འོང་ན་རིམ་པར་དགག་སྒྲུབ་བྱེད་ཆོག

སྡུག་ཐུག་སྔགས་པ་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༣ལ།

 

གནས་དོན་དྲི་བ་ཐོག་འབེབས་མའི་བྲིས་ལན་བཞུགས་སོ།  ༼ །དྲི་བ་དང་པོ་༽སེམས་དང་ཡེ་ཤེས་ཤན་འབྱེད་སྐབས།  །རིག་པ་ཡེ་ཤེས་ཆེན་པོ་དེ།  །གསལ་རིག་ཙམ་ཞིག་ཡིན་ནམ་མིན།  །ཡིན་ན་སེམས་སུ་འདོད་དམ་ཅི།  །༼ལན་༽ ཡེ་ཤེས་ཆེན་པོའི་ངོ་བོ་དེ།  །ཆོས་རྣམས་ཀུན་གྱི་གནས་ལུགས་ཏེ།  །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡིན།  །གསལ་དང་མི་གསལ་རྣམ་བཞག་མེད།  །རང་རྩལ་འགགས་པ་མེད་པའི་ཕྱིར།  །མཁྱེན་ཆ་ཡེ་ཤེས་ལྔ་ཡང་ཤར།  །སེམ་མིན་སེམས་ལས་འདས་པ་ཡིན།  །༼དྲི་བ་གཉིས་པའི་ལན།༽  བདེ་གཤེགས་སྙིང་པོ་ཞེས་བྱ་བ།  །ལུས་སེམས་གཉིས་ལས་གང་དུ་འཇོག  །ལུས་ཡིན་བེམ་པོར་ཐལ་བ་དང་།. །སེམས་ཡིན་སངས་རྒྱས་ཇི་ལྟར་འཐད།  །༼ལན།༽  བདེ་གཤེགས་སྙིང་པོ་ཞེས་བྱ་བ།  །ལུས་སེམས་གང་དུའང་མི་འཇོག་སྟེ།  །ལྷུན་གྲུབ་འདུས་མ་བྱས་ཡིན་ཕྱིར།  །འདུས་བྱས་ཆོས་ཀྱིས་ག་ལ་བསྡུས།  །༼དྲི་བ་གསུམ་པ༽ ས་དང་རྡོ་སོགས་བེམ་པོ་ལ།.  །རིག་པའི་ཡེ་ཤེས་ཡོད་དམ་མེད།  །ཡོད་ན་དེ་ཡིས་ཆོས་ཀུན་གྱི།  །གནས་ལུགས་ཇི་བཞིན་མཁྱེན་ནམ་ཅི།   །མེད་ན་ཆོས་ཀུན་རིག་པ་ཡི།  །ཀློང་དུ་གཅིག་ཚུལ་སྒྲུབ་དཀའ་ཞིང་།  མ་དག་བློ་འདིའི་སྣང་ཡུལ་གྱི།  །ཕྱི་དོན་བདེན་པར་གྲུབ་པར་འགྱུར་།. །༼ལན༽.  རྨི་ལམ་གླང་ཆེན་གཉིད་སེམས་ལས།  །ལོགས་སུ་གྲུབ་པ་ཅུང་ཟད་མེད།  །དེ་བཞིན་རིག་པའི་ཡེ་ཤེས་ལས།  །ལོགས་སུ་གྲུབ་པའི་ས་རྡོ་མེད།  །དེ་ཕྱིར་ཏིལ་དང་ཏིལ་མར་བཞིན།  །ཆོས་ཅན་ཀུན་ལ་ཆོས་ཉིས་ཀྱིས།  །མ་ཁྱབ་མེད་པ་ཁོ་བོས་འདོད།  །རིག་པའི་ཡེ་ཤེས་གང་ཡོད་ཀྱིས།  །གནས་ལུགས་མཁྱེན་པས་ཁྱབ་ལགས་སམ།  །ཁྱབ་ན་སེམས་ཅན་མ་ལུས་ཀུན།  །གནས་ལུགས་མཁྱེན་པ་ཅིས་མི་ཐལ།  །ཡང་ན་རིག་པའི་ཡེ་ཤེས་ཆེ།  །མེད་པའི་སེམས་ཅན་འདོད་ལགས་སམ།  ༼དྲི་བ་བཞི་པ།༽  བླ་མ་མི་ཕམ་ཆོས་རྗེ་ཡིས།  སེམས་ཅན་གསར་སྐྱེས་ཡོད་པར་བཞེད།  །དེ་ལྟ་ན་ནི་འཁོར་བ་ལ།  །ཐོག་མ་མེད་པ་ཇི་ལྟར་འགྲུབ།  ༼ལན། ༽ཀུན་མཁྱེན་བླ་མ་མི་ཕམ་པས།  །རྩོད་རིག་སྨྲ་བའི་སྒོ་འབྱེད་ལས།   །སེམས་ཅན་གསར་སྐྱེས་མཚར་ལན་ཞེས།  །དངོས་པོ་ཡིན་ན་སྐད་ཅིག་མས།  །ཁྱབ་ཕྱིར་དངོས་ཀུན་གསར་སྐྱེས་གྲུབ།. །དེ་ཕྱིར་སེམས་ཅན་མ་ལུས་པ།  དངོས་པོ་ཡིན་ཕྱིར་གསར་སྐྱེས་གསུངས།. །དེ་ཕྱིར་རྒྱུན་ལ་ཐོག་མེད་དང་།  །སྐད་ཅིག་གསར་སྐྱེས་གཉིས་མི་འགལ།  ༼།དྲི་བ་ལྔ་པ༽  ཐོག་མ་མེད་པའི་སེམས་དེ་ཉིད།. གློ་བུར་དྲི་མས་བསྒྲིབས་སོང་ཟེར།  ཐོག་མ་མེད་ནས་དེ་ཡོད་ན།  གློ་བུར་སྒྲ་འདི་ཇི་ལྟར་འཇུག  །༼ལན༽གློ་བུར་སྒྲ་དོན་སྔར་མེད་ལ།  །འཇུག་དགོས་སྙམ་པ་བློ་སྐྱོན་ཏེ།   །བཅོམ་ལྡན་འདས་ཀྱི་མདོ་ལས་ནི།   །གང་དག་སྦྱང་དུ་རུང་བའི་ཆོས་དེ་ནི་གློ་བུར་བའོ།།. ཞེས་གསུང་ཕྱིར་དང་གཞན་ཡང་ནི།  །ཆོས་རྗེ་ས་སྐྱ་པཎྜི་ཏས།  །གློ་བུར་གྱི་སྒྲས་ནི་སྦྱང་དུ་རུང་བ་ལ་བྱ་ཡི།  སྔར་མེད་པ་ལས་ཕྱིས་དྲི་མ་འབྱུང་བ་ལྟ་བུ་མ་ཡིན་ཏེ།. ཞེས་གསུངས་ཕྱིར་ན་ལུང་གིས་གསལ།  །ལན་གྱིས་ངལ་བ་གཞན་མི་དགོས།  །༼དྲི་བ་དྲུག་པ༽  ཆོས་རྣམས་སྟོང་པ་ཉིད་ཡིན་ན།.  །ཟ་མ་ཟ་མའི་སྟོང་ཉིད་གཉིས།. །གཅིག་ན་སྟོང་ཉིད་ཟ་འགྱུར་ཞིང་།  །གཞན་ན་ཟ་མ་བདེན་གྲུབ་འགྱུར།. །༼ལན་༽  ཟ་མ་ཟ་མའི་སྟོང་ཉིད་གཉིས།. །གཅིག་དང་ཐ་དད་བྲལ་བས་ན།. །སྐྱོན་འདི་གཉིས་ལས་གྲོལ་བ་འདོད།  །ཟ་མ་ཟ་བ་ལྟར་སྣང་ལས།. །དོན་དུ་ཟ་བ་ག་ལ་ཡོད།  དེ་ཕྱིར་ཟ་བའི་ཐལ་བ་འདི།  །རྨི་ལམ་ཟ་མ་བཟས་རྨིས་དེས།  །ཁྱོད་སེམས་ཟ་བར་འགྱུར་རམ་ཅི།.  །ཞེས་ལན་མདོར་བསྡུས་འདི་ཉིད་ཤར་ཀཿཐོག་པའི་འབངས་སུ་གཏོགས་པ་ཐུབ་བསྟན་མཁྱེན་རབ་འོད་ཟེར་གྱིས་སྦྱར་བའོ།།   །།

གསལ་རིག་ཙམ་དེ་རིག་པ་མིན།། ཡིན་ན་འདུས་བྱས་སུ་འགྱུར་བས།། རིག་པ་འདུས་མ་བྱས་པ་ལ།། གསལ་དང་རིག་ཞེས་དགར་བ་མེད།། བདེ་གཤེགས་སྙིང་པོའི་མ་ཁྱབ་པའི།། ཆོས་ཞིག་ནམ་ཡང་ཡོད་མ་ཡིན།། ལུས་སེམས་གཉིས་སུ་བཀར་བ་མེད།། ཡོད་ན་སྲིད་ཞི་ཀུན་ཁྱབ་མིན།། ས་རྡོ་ལ་སོགས་བེམ་རྐྱང་ལ།། ཡེ་ཤེས་ཡོད་མེད་དཔྱད་པ་དེ།། ཆོས་ཉིད་བོར་ནས་ཆོས་ཅན་ལ།། འཁྲུལ་གཞི་བྱེད་པ་ཉོན་རེ་མོངས།། འཇམ་མགོན་བླ་མའི་དགོངས་ཀློང་ལས།། སེམས་ཅན་གསར་སྐྱེ་འདོད་པ་དེ།། གློ་བུར་འཁྲུལ་བའི་སྣང་བ་ཀུན།། གསར་སྐྱེ་ཙམ་ལས་ཐོག་མཐའ་མེད།། འདི་ཚུལ་ཅི་བཞིན་མ་ཤེས་པར།། ནམ་མཁར་སོར་མོས་འཇལ་དང་མཚུངས།།       གསེར་རྟ་ཕུག་དགོན་མཁན་པོ་འགུ་དྲག་གི་ལན་དེ་འདེབས་སོང།

རྒྱ་ཡིག   關於《覺性六問難》的提醒
བརྒྱུད་བསྐུར།    Facebook

མཆོག་པཎ།