༄། །བླུན་པོ་ཐམས་ཅད་གྲགས་པའི་རྗེས་སུ་འབྲང་།།
མཁས་པ་རྣམས་ནི་རང་གི་རྗེས་སུ་འབྲང་།།
འཕགས་པས་གཟིགས་ན་སོ་སོའི་སྐྱེ་བོ་འཁྲུལ།།
ང་ཚོའི་བློ་ངོར་སངས་རྒྱས་ཤོང་བར་དཀའ།།
དབུ་མའི་གྲུབ་མཐར་ཞུགས་ཀུན་མགྲིན་གཅིག་ཏུ།།
ཆོས་ཀུན་སྟོང་ཞེས་མེད་པ་ཁོ་ནར་སྒྲུབ།།
དབུ་མའི་མཁན་པོ་གྲོད་ཁོག་ལྟོགས་པའི་ཚེ།།
ཇ་དང་རྩམ་པ་ཡོད་པའི་གཏན་ཚིགས་རྙེད།།
ཚད་མ་དགོས་ཞེས་སྨྲ་བའི་རྟོག་གེ་པ།།
ཚད་མ་ཡུལ་ལ་ཡོད་དམ་བློ་ལ་ཡོད།།
ཡུལ་ལ་ཡོད་ན་ཁྱོད་བློར་མི་ཕན་ཞིང་།།
ཁྱེད་བློར་ཡོད་ཅེས་སྨྲ་ན་གད་མོ་འཆོར།།
དེང་སང་དུས་ཀྱི་གངས་ཅན་ལྗོངས་འདི་རུ།།
ཚན་རིག་མཁོ་གལ་ཆེ་བར་བརྗོད་ན་ཡང་།།
དངོས་པོས་དོན་བྱེད་ནུས་པའི་མྱོང་བ་འདི།།
མ་བརྟགས་རྒན་བུ་རྣམས་ཀྱིས་མཁྱེན་བཞིན་ཡོད།།
མོ་སྡོམ་ཙམ་ལ་སོར་སྡོམ་ཡོད་པར་བཞེད།།
ཁ་ཡག་བྱེད་ལ་བྱང་སེམས་བསླབ་ཡོད་སྙམ།།
གཞན་ངོ་འཚོ་ལ་དམ་ཚིག་སྲུང་བར་འཛིན།།
འཁྲབ་སྟོན་ཙམ་གྱིས་རྒྱལ་བསྟན་སྐྱོང་བར་དཀའ།།
ཀྱེ་མ་ཀྱེ་མ་དུས་རབས་ཉེར་གཅིག་འདིར།།
མཁན་པོ་རྣམས་ཀྱིས་གྲུབ་ཐོབ་མེད་པར་སྨྲ།།
རྫོགས་ཆེན་རྟོགས་མཁན་དེ་བས་མེད་ཅེས་སྒྲུབ།།
འོ་ན་ཆོས་སྒོར་ཞུགས་ལ་དགོས་པ་ཅི།།
མཆོག་པཎ་ནས་བྲིས་སོ།།
སྤྱི་ལོ་༢༠༢༡ཟླ་༥ཚེས་༥ལ།
མཁས་བླུན་གཉིས་ཀའི་རིམ་པ།