རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་སྔགས་ཕོ་མོ་ཀུན་ལ་གསལ་བཤད་ཅིག་ཡོད།

Choktrul20201215

༄། །རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་སྔགས་ཕོ་མོ་ཀུན་ལ་གསལ་བཤད་ཅིག་ཡོད།

སྤྱིར་བོད་བརྒྱུད་ནང་བསྟན་འདི་ལ་རབ་སྔགས་གཉིས་སུ་ཡོད་པ་འདི།   བོད་ནས་གསར་དུ་བྱུང་བ་ཞིག་མིན་པར།   སྔར་རྒྱ་གར་འཕགས་པའི་ཡུལ་དུ་རབ་བྱུང་འདུལ་བ་འཛིན་པ་དང་།   སྔགས་རིག་པ་འཛིན་པའི་རྣལ་འབྱོར་པའི་སྡེ་གཉིས་ཡོད་པ་ནི་ལོ་རྒྱུས་ཆེན་མོ་རྣམས་སུ་ཡོངས་གྲགས་ལྟར་ལགས་པས།   དེའི་སྐོར་ནས་དམིགས་བསལ་ཞུ་དགོས་དོན་གང་ཡང་མི་འདུག   དེ་བཞིན་བོད་ཡུལ་གྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལའང་སྔར་ནས་རབ་སྔགས་ཀྱི་སྡེ་གཉིས་གྲངས་ཀ་མང་ཉུང་ལ་མ་ལྟོས་པར་ཁྱད་མེད་དུ་བཞུགས་ཤིང་།   སྡེ་གཉིས་ཀྱི་མཁས་བཙུན་གྲུབ་པའི་རྣམ་ཐར་དང་བསྟན་པ་ལ་བཞག་པའི་བྱས་རྗེས་སོགས་གང་ཅིའི་ཐད་ནས་ཁྱད་མེད་དུ་སྣང་།   ད་ལྟའི་ཆ་ལའང་སྔགས་པ་སྤྱིའི་ངོས་ནས་འདོད་ཆུང་ཆོག་ཤེས།   དད་པ་དག་སྣང་།   གཉོམ་ཆུང་ཚུལ་མཐུན།   ཁ་ཁོག་མཚུངས་པ།   བཤད་པ་ལས་སྒྲུབ་པ་གཙོ་བོར་འཛིན་པའི་ཆོས་པ་རྣམ་དག་འབའ་ཞིག་ཏུ་མཆིས་པ་འདིས།   ང་རང་ལ་བློ་བདེའི་ཚོར་བ་སྟེར་བ་ཐེངས་གཅིག་ཙམ་གཏན་ནས་མིན།   ཡིན་ནའང་ང་རང་སྔགས་པ་ཞིག་ཡིན་པའི་ཆ་ནས་དང་།   སྔགས་པའི་སྡེར་གཏོགས་ཀྱི་སྤྲུལ་མིང་ཙམ་འཛིན་པའི་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས།   རང་བསྟན་ལ་རང་གིས་འགན་ཁུར་དགོས་པའི་སེམས་ཤེས་ལ་བློ་མཉམ་པར་བཞག་ནས།   རང་དང་མཚུངས་པའི་སྔགས་མིང་འཛིན་པ་ཤིན་ཏུ་ཉུང་ཤས་ཤིག་གིས་སྔགས་པ་སྤྱིའི་ཁ་ཕྱོགས་དང་ལ་རྒྱ་ལ་གནོད་པའི་ལས་ཀ་རེ་སྒྲུབ་ཡོད་པ་ཡང་མིག་ལམ་དུ་འོང་མ་མྱོང་བ་མིན་པས།   དེ་ཚོར་གོ་བའི་བུ་ལ་བརྡ་དང་།   རི་སྤྱང་སྔོན་མོར་ཀི་ཞིག་གི་ཚུལ་དུ།   གཅིག་ཏུ་བསྟན་པ་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅང་ནས།   སྐྱེ་བོ་གཞན་གྱི་མིག་སྔར་མི་ཆོས་བླ་མའི་རྫུན་ལས་འགྲེལ་བཤད་གཉིས་པ་མེད་པའི་བརྟག་མི་ཐུབ་པའི་སྤྱོད་པ་འདི་ཚོ་སྔགས་པ་ཚོས་མ་བྱས་ཐབས་མེད་ཀྱི་ལག་ལེན་ཞིག་ཏུ་འཁྲུལ་འདུག་པའི་སྐྱེ་བོ་ཤིན་ཏུ་ཉུང་ཤས་ཤིག་ལ་གྲོས་འདེབས་ཀྱི་ཚུལ་དུ་ཀ་རྩོམ་ཞིག་བྲིས་པ་ཡིན་མོད།   འོན་ཀྱང་བསྟན་འཛིན་དམ་པ་འགའ་ཞིག་གི་ཐུགས་ལ་དེ་ཙམ་མ་འཕྲོད་པའི་གཏམ་གོ་ཐོས་བྱུང་བས།   ཁྱེད་རྣམ་པས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཐུགས་ལ་ཤིན་ཏུ་གཅེས་པའི་ནང་གི་དེ་ཉིད།   མཚོན་བྱེད་ངག་གི་རི་མོས་མཚོན་ཐབས་བྱས་ནས་བདག་གི་རྣ་ལམ་དུ་འབྱོར་བས་དད་སྤྲོ་བླ་ལྷག་ཏུ་འཕེལ་བ་དང་བཅས།   གང་གསུངས་ཐམས་ཅད་མཆོག་སྤྲུལ་སྨྱོན་པའི་ཡིད་ཀྱི་དགའ་སྟོན་དུ་གྱུར་ཡོད།   འདི་ནི་ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཡིན།   བསྟན་པ་གཅེས་མཁན་རེ་རེ་བཞུགས་ཡོད་ན་སྟོན་པ་ཐུགས་ལས་ཆུང་ངུར་འགྲོ་བའི་ཚུལ་ལ་བསམ་ཚེ་འདི་ལ་མི་དགའ་ཅི་ལ་དགའ།   ངས་ཀྱང་བྱས་ཚད་ཆོས་ལ་བྱས་པའི་ལག་རྗེས་མ་ཞོགས་ཀྱང་ཟོས་ཚད་ཆོས་ཀྱིས་གནང་བའི་བཀའ་དྲིན་དྲན་བཞིན།   ཨ་ཕའི་ཁ་ཕོར་ནང་དུ་མི་གཙང་བ་གཏོང་མི་ཉན་པའི་འགྲོ་ལུགས་ཙམ་ཞིག་ནི་སྔར་ནས་ཤེས་ཤེས་ཁར་ཡོད་ཅིང་།   འདིར་ཡང་ནགས་ན་གནས་པའི་སྤྲེའུས་ལྗོན་པའི་ཤིང་ལ་མི་གཙང་བ་གཏོར་བའི་ངང་ཚུལ་བཟུང་བ་ཡིན་མིན་ལ་ཐུགས་དོགས་གཏན་ནས་གནང་མི་དགོས།   དེས་ན་ངས་ནི་ཁྱེད་རྣམ་པས་བསྟན་པ་གཅེས་ནས་བསྟན་པའི་མཚན་སྙན་སྲུང་བ་ཡིན་པའི་དད་གུས་འཇོག་ཐུབ་ཅིང་།   ང་རང་ལ་མཚོན་ན་ཁྱེད་རྣམ་པས་འགྲེལ་བཤད་བཟང་ངན་གང་ཞིག་གནང་མིན་ལ་མ་ལྟོས་པར།   རང་ངོས་ནས་བསྟན་པ་ལ་ཤ་ཞེན་གྱིས་བསྐུལ་ནས་བསྟན་པའི་ཆེད་དུ་ཚིག་ཀ་གསུམ་བཤད་པ་ཡིན་པར་སུས་ཀྱང་ཁྲེལ་དོགས་རྩ་བ་ནས་མེད།

དེ་ནས་སླར་ཡང་ཞོར་འཕྲོས་ཀྱི་ཚུལ་དུ་ཞུ་སྙིང་འདོད་པའི་ནམ་རྒྱུན་རང་གི་སེམས་ལ་བཅང་བའི་རེ་བ་དངོས་ནི།   སྤྱིར་དུས་རབས་དང་འཚམས་པའི་ཆོས་སྒྲུབ་སྟངས།   ཆོས་བརྒྱུད་རིགས་རྒྱུད་ཀྱིས་འཛིན་པའི་དགོས་དབང་དམིགས་བསལ་བ་དང་ཡང་འབྲེལ་བ།   འགྲོ་བ་མིའི་ལྷན་སྐྱེས་ཀྱི་དགོས་མཁོ་མང་པོ་ཞིག་དང་ཡང་མཉམ་གནས་མཉམ་འགྲོ་བྱེད་ཐུབ་པ་ནི་སྔགས་པའི་ལམ་ལུགས་འདི་ཉིད་ཡིན་པ་དང་།   སྔགས་པ་ཅི་ཙམ་མང་ན་བསྟན་པའི་རྨང་གཞི་དེ་ཙམ་བརྟན་པ་སོགས་ལ་བསམ་ན།   སྔགས་པའི་བསྟན་པ་འདི་ཀུན་ལས་གལ་ཆེ་བ་ཞིག་ཡིན་པ་སྨོས་མ་དགོས་ཤིང་།   འདི་ཉིད་ཅི་ཙམ་གལ་ཆེ་བ་དེ་ཙམ་དུ་སྲུང་སྐྱོབ་དང་ལེགས་བཅོས་ཡར་རྒྱས་སུ་གཏོང་དགོས་པས།   ང་ཚོས་རང་ཉིད་ལ་ཆུང་ལྟ་དང་དམན་ལྟ་བྱེད་པའི་རང་ཉིད་བོར་བའི་གང་ཟག་ཅིག་བྱེད་མི་ཉན་པའང་ཤིན་ཏུ་བདེན་མོད།   རིགས་མཐུན་བསམ་དཀར་སུ་གཅིག་གི་ཁ་ལ་མི་ཉན་པའི་ཤེས་མེད་མགོ་རྒྱར་ཤོར་བའི་ངང་ཚུལ་བཟུང་ནའང་དེ་བས་མི་ལེགས་པས།   གཉིས་མཐར་མ་ལྷུང་བའི་ལམ་ལ་གོམ་པ་བརྟན་པོས་མ་སོང་ན།   ཟོག་པོ་འཁྲབ་ནས་སྔགས་བསྟན་ལ་ཕན་པར་འགྱུར་རམ་གནོད་པར་འགྱུར་བ་ནི་ད་ལོ་ན་ནིང་དྲྭ་ལམ་ཁག་ནས་ར་སྤྲོད་བྱས་ཟིན་པས།   འཕྱ་བའི་གནས་ཀྱིས་མངོན་པར་མི་བྱེད་པའི་རང་གཅུན་གྱི་ལྟ་ཚུལ་བཟང་པོ་ཞིག་སྔགས་པ་ཡོངས་ལ་ཆགས་སུ་འཇུག་དགོས།   དེ་མིན་ང་ཚོ་ཡག་ང་ཚོ་བཟང་ང་ཚོ་སྐྱོན་མེད་ཡིན་ཁོ་ན་གླེང་བས་བསྟན་པ་ཟིན་གྱིན་ཡོད་མེད་ལ་ཐུགས་བསམ་ཞིབ་ཏུ་མ་བཏང་ནའང་མི་འགྲིག་པའི་བདེན་པ་འདི་མཐོང་དགོས་ཤིང་།   སྔགས་པ་འགའ་རེའི་ཐུགས་ལ་སྔགས་པའི་གཟུགས་འཛིན་པ་སུ་ཞིག་གིས་ཟོག་པོ་འཁྲབ་ན་དེ་ལ་རྒྱབ་སྐྱོར་བྱེད་དགོས་སྣང་འཆར་གྱིན་ཡོད་པ་འདྲ་མོད།   དེ་ཡང་མིན་ཏེ།   འཛམ་གླིང་གི་སྟེང་ན་ཁ་མིག་དབང་པོ་ཡོད་པ་ང་ཚོ་རྡོག་ལི་ཁ་ཤས་ཤིག་ག་ལ་ཡིན།   དེ་ཚོ་ཚང་མས་བལྟས་ནས་ཡོད་པས་རྫུན་རྒྱབ་རྫུན་གྱིས་བཀབ་རུང་ནམ་ཕུག་རང་མཚང་བརྡོལ་བ་ཆོས་ཉིད་ཡིན།   དེས་ན་སྔགས་པ་ལ་ཐོས་བསམ་སྒོམ་གསུམ་ཡོད་དགོས།   འཆད་རྩོད་རྩོམ་གསུམ་ཡོད་དགོས།   མཁས་བཙུན་བཟང་གསུམ་ཡོད་དགོས།   ཐུགས་བསྐྱེད་སྨོན་ལམ་ཡོད་དགོས།   དེ་ཚོ་ཡོད་དགོས་པ་རྣམས་ཡིན།   སྔགས་པ་རྣམས་ཀྱིས་བདེན་པ་བདེན་དྲང་བྱེད་དགོས།   ཕྱི་མཚུངས་ནང་མཚུངས་བྱེད་དགོས།   རང་བསྟན་རང་གིས་འཛིན་དགོས།   རིགས་རྒྱུད་ལམ་ལ་འཇོག་དགོས།   བརྒྱུད་འཛིན་མང་དུ་སྤེལ་དགོས།   དེ་ཚོ་བྱེད་དགོས་པ་རྣམས་ཡིན།    སྔགས་པས་མི་དགེ་བ་སྒྲུབ་མི་ཉན།   རྫུན་བཤད་མི་ཉན།   འཁྲབ་སྟོན་བྱེད་མི་ཉན།   ཟོག་པོ་བྱེད་མི་ཉན།   གཞན་གྱིས་ཡིད་ཆེས་མི་ཐུབ་པའི་སྐད་ཆ་བཤད་མི་ཉན།   མགོ་སྐོར་གྱི་ལས་ཀ་སྒྲུབ་མི་ཉན།   སྔགས་པ་ཟེར་བ་ནི་ཟོག་པོ་ལ་རྒྱབ་སྐྱོར་བྱེད་པའི་སྡེ་ཚོགས་ཤིག་ཏུ་འགྱུར་མི་ཉན།   དེ་ཚོ་མི་ཉན་རྒྱུའི་སྐོར་ཡིན།   མདོར་ན་བདག་གིས་སྔགས་པ་རྣམས་ལ་ཕུལ་བའི་ཀ་རྩོམ་དེ་ལ་དགོངས་ཚུལ་ཡོད་པའི་སྔགས་ཕོ་མོ་གང་ན་སུ་བཞུགས་པ་ཡོངས་ལ།   ཁྱེད་རྣམས་ཀྱིས་སྔགས་བསྟན་ལ་ལྷག་བློ་གཅིག་ཏུ་དཀར་བའི་འོད་མདངས་ཉམས་སུ་མ་འཇུག་དང་།   མཆོག་སྤྲུལ་སྨྱོན་པས་ཡར་འཇོག་གི་རྒྱ་ལུང་མ་ཐུབ་རུང་།   མར་འཐེན་གྱི་རྒྱ་རྡོ་དུས་ནམ་ཡང་བྱེད་མི་སྲིད།

ཅེས་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༡༥ལ།

རྒྱ་ཡིག   致海內外所有瑜伽母與瑜伽士們
དབྱིན་ཇིའི་ཡིག   To All the Yogis and Yoginis in the Nation and Abroad
Facebook link

སྔགས་པའི་རིམ་པ།