དགེ་རྒན་དམ་པའི་ཁས་བླངས་དང་བསྟོད་བསྔགས་ལ་བཀའ་དྲིན་ཆེ་ཞུ།

謝謝老師的肯定與鼓勵

༼ དགེ་རྒན་དམ་པའི་ཁས་བླངས་དང་བསྟོད་བསྔགས་ལ་བཀའ་དྲིན་ཆེ་ཞུ། ༽

༄། །སྤྱི་ལོ་༢༠༢༡སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་རང་ལ་ཆུང་ནས་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་མཁན་ཆེན་པདྨ་ཤེས་རབ་མཆོག་ལ།   དོལ་པོ་བླ་མ་ཨོ་རྒྱན་ཚེ་རིང་གི་དྲྭ་ལམ་ནས་ལོ་གསར་བའི་དུས་སྟོན་དང་འབྲེལ་བའི་སྒོ་ནས་བཀྲིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་རང་ཉིད་ནད་དྲག་བསྐྱེད་བྱུང་སོང་ཞུས་པས།   བཀྲིས་བདེ་ལེགས་གསུངས་སོང་།   དེ་ནས་ལམ་སང་ཁྱེད་རང་དམ་བཅའ་བརྟན་པོ་དགོས་ཞེས་ལན་གསུམ་བསྐྱར་ནས་གསུངས་སོང་།   སྐབས་དེར་ངའི་སེམས་ནང་ནས་གོ་བ་ལེགས་པོ་ཞིག་མ་ལོན་ཡང་།   འོ་ལགས་སོ་ཞུས་པ་ཡིན།   དེ་དང་འབྲེལ

༼ དམ་པས་མང་པོ་ཁས་ལེན་མི་བྱ་ཞིང་།།  གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།། ༽

སོགས་ཞུས་ཚེ་ཁོང་གིས་ང་རང་དང་ལྷན་དུ་སྐྱོར་བར་མ་ཟད།   ཧ་ཧ་ཧ་ཞེས་བཞད་མོ་བཞད།    དེ་འཕྲོས་མཁན་ཆེན་མཆོག་གིས་ད་སྐབས་ཁྱེད་རང་གིས་བྲིས་པའི་ཀ་རྩོམ་དེ་ཚོ་ཚིག་རྣོན་བོ་འདུག་པས།    མི་ལ་ཕོག་ཐུག་བཟོས་ཡོད་ངེས་རེད་ཅེས་གསུངས་སོང་།   ངས་ལགས་སོ་ཞུ་བ་དང་བཅས།   དེ་ལྟར་འབྱུང་རྒྱུ་ཡིན་པར་སེམས་ནང་ནས་གྲ་བསྒྲིགས་བྱས་ཚར་བ་ཡིན་ཞུས་པས།   འོ་ད་ཡག་པོ་རེད།   ཁྱེད་རང་ལོ་ཆུང་ཆུང་རྣམ་རིག་དྭངས་མོ་ཡོད་རེད།  ཚིག་རྣོན་པོ་འདུག   དེ་འདྲ་བཤད་དགོས་རེད་མ་གཏོགས།   དེ་རིང་ཁ་སང་ཟོག་པོ་འཁྲབ་མཁན་མང་པོ་འདུག་གསུངས་སོང་།   ངས་ལགས་སོ་ཉི་མ་ཤར་བ་ན་བྱ་འུག་གི་མིག་ལ་གཟན་པོ་བྱུང་ན་ཡང་ཅི་བཟོ་མི་འདུག་ཞུས་པ་ཡིན།   ཧ་ཧ་ཧ།   ཡ་ཡ་ཡ་གསུང་གི་འདུག   མཁན་རིན་པོ་ཆེ་ལ་ངས་དྲྭ་ལམ་ནས་བསྐུར་རྩོམ་དེ་ཚོ་གཟིགས་ཀི་ཡོད་དམ་ཞུས་པས།   མཁན་པོ་མཆོག་གིས་ད་ལྟ་ངས་མིག་གིས་ཡག་པོ་མཐོང་གི་མི་འདུག་ཀྱང་།   མིག་ཤེལ་གྱོན་ནས་གང་ཐུབ་ཐུབ་ལྟ་གི་ཡོད་གསུངས་སོང་།    གཞན་ཡང་ཁོང་གིས་ད་ནི་ལོ་རྒས་སོང་བས་རྣམ་རིག་དྭངས་པོ་མི་འདུག དྲན་པ་གསལ་བོ་མི་འདུག  ཡིན་ནའང་གཟུགས་པོ་བདེ་བོ་ཡོད་གསུངས་ཀྱིན་འདུག   ངས་ཁྱེད་རང་སྐུ་ཚེ་ཡུན་རིང་བརྟན་དགོས་རེད་ཞུས་པས།   དེ་མཚམས་ཡ་ཡ་གསུངས་སོང་།   ད་རུང་ཁོང་གིས་ང་ལ་ཁྱེད་རང་གིས་མཆོག་སྤྲུལ་གོང་མའི་མཛད་ཕྲིན་ལྷག་མ་རྣམས་སྐྱོང་ཚར་ཡོད་མ་རེད།   ཁྱེད་སྐུ་ཚེ་བརྟན་དགོས་རེད།   ད་ཁྱེད་ཀྱིས་བསྟན་འགྲོའི་དོན་གཞི་ནས་མགོ་འཛུགས་དགོས་པས།   འཕྲོད་བསྟེན་ཡག་པོ་བཟོ་དགོས་རེད་ཅེས་ཡང་ཡང་གསུངས་སོང་།   དེ་མཚམས་མཁན་པོའི་ཞབས་ཕྱི་ཨ་ནེ་ལགས་ནས།   ད་རེས་ལོ་སར་གྱི་སྐབས་འདིར་དགེ་རྒན་མཁན་རིན་པོ་ཆེ་ལ་རྔན་པ་ཆེ་ཤོས་དེ་ཁྱེད་རང་སྐུ་གཟུགས་བདེ་ཐང་ཡིན་གསུངས་པ་དེ་རེད་སོང་།   ཞེས་གད་མོ་ཤོར་གྱིན་འདུག   ངས་ལགས་སོ་ལགས་སོ་ཞུས་པ་ཡིན།   དེའི་མཚམས་ནས་མྱུར་དུ་མཇལ་ཡོང་བཀྲིས་བདེ་ལེགས་ཞུས་པ་ཡིན།   ངའི་མི་ཚེའི་ནང་ལ་ཕྱིར་དྲན་ཅུང་ཙམ་བྱས་པ་ཡིན་ན།   ད་ལྟ་ཡི་གེ་ཅུང་ཟད་འབྲི་ཤེས་ཀྱིན་ཡོད་པ་འདིས་མཚོན་ཤེས་བྱ་ཕྲ་རགས་གང་ཤེས་ཐམས་ཅད་ཁོང་གི་སྐུ་དྲིན་ཡིན་ཏེ།   རང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་བའི་བརྩོན་འགྲུས་གཉིས་ཀ་ཞན་མོད།   ཁོང་གིས་ང་རང་ལོ་བཅུ་གཉིས་ནས་བཟུང་ཡི་གེ་འབྲི་རྒྱུ།   དག་ཡིག  སྙན་ངག   གཞུང་ཆེན་ཁག་སོགས་མ་བསླབས་པ་མེད་པས་བཀའ་དྲིན་བསམ་ན་བརྗོད་ཐབས་བྲལ་བ་ཞིག་ཡིན།   མཐར་ཁོང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་བདག་དང་བདག་འདྲ་བའི་སློབ་བུ་རྣམས་ལ་ལམ་སྟོན་བཀའ་སློབ་རྒྱུན་མ་ཆད་པར་གནང་རོགས་ཞུ་ཞུ་ཞུ་ཞེས།

སློབ་འབངས་ཐ་ཤལ་བ་མཆོག་སྤྲུལ་ནས་སྤྱི་ལོ་༢༠༢༡ཟླ་༡ཚེས་༤ལ།

རྒྱ་ཡིག    謝謝老師的肯定與鼓勵
དབྱིན་ཇིའི་ཡིག    Thanks for the Teacher’s Affirmation and Encouragement
Facebook link

སྔགས་པའི་རིམ་པ།