སྔགས་པ་ཚོས་ཚོད་ཟུངས་དང་དགའ།

Yogi20201127

༼ སྔགས་པ་ཚོས་ཚོད་ཟུངས་དང་དགའ། ༽

༄།། ཀ་ཡེ་གསོན་དང་སྔགས་རྒན་གཏེར་སྟོན་ཚོ།།
ཁ་དོན་མི་མཚུངས་ལས་རྒྱུ་མང་དྲགས་ན།།
གང་ནས་བལྟས་ཀྱང་རྫུན་མའི་ཞད་ཅིག་གདའ།།
ང་ཚོའི་འཁྲབ་སྟོན་ཧ་ཅང་ཐལ་ཆེས་འདུག།

ཅ་ཅོ་མཐོ་བཤད་དམའ་བཤད་རྐྱང་རྐྱང་བྱེད།།
ཆ་ལུགས་གཅེར་རྒྱུག་ཐོ་ཅོའི་སྤྱོད་པ་མང་།།
ཇ་ཁང་ཆང་ཁང་ཀུན་ཏུ་མ་སླེབས་མེད།།
ཉ་བ་ཞིག་དང་ཁྱད་པར་ཅང་མི་འདུག།

ཏ་ལའི་ཤིང་བཞིན་ནང་དུ་རྟོགས་པ་མེད།།
ཐ་མལ་མི་བཞིན་ཆགས་སྡང་རྐྱང་རྐྱང་བཤད།།
ད་དུང་རིག་འཛིན་ཡིན་ཞེས་ངོ་སོ་མཐོ།།
ན་ཆུང་རྐུབ་ལ་ལྡག་རྒྱུ་ཨེ་རྙེད་ལྟ།།

པ་ལྕོག་སྒྲོག་ཤེས་ཙམ་གྱི་སྔགས་པ་ཚོས།།
ཕ་རོལ་རྒྱ་དང་བོད་ཀྱི་སྦྱིན་བདག་ལས།།
བ་མོ་འཇོ་བ་བཞིན་དུ་རྒྱུ་ནོར་ལེན།།
མ་སྨད་ཀུན་ལ་ལྐོག་ནས་བྱི་བོ་བྱེད།།

ཙ་དུར་མཆེ་ལྡན་བཞིན་དུ་འཁུ་ལྡོག་ཆེ།།
ཚ་མེད་ཇ་འཐུང་ཆང་འཐུང་ར་བཟི་མཁན།།
ཛ་ཡའི་བསྟན་ལ་ཕྱོགས་རིས་ཕྲག་དོག་ཆེ།།
ཝ་སྐྱེས་འདྲ་བའི་ཁ་འཇམ་ཁོག་པ་རྩུབ།།

ཞྭ་མོ་པད་ཞྭ་གྱོན་ལ་ཧམ་པ་ཆེ།།
ཟ་འདོད་སྙིང་ཁམས་ཆེ་བ་ཁྭ་ཏ་འདྲ།།
འ་འུར་མྱི་མང་ནང་ནས་གཏེར་རྫུན་འདོན།།
ཡ་གི་ལྷ་ཡིས་གཟིགས་ན་མི་ཁྲེལ་ལམ།།

ར་མགོ་ལུག་སྦྱར་ཅི་དྲན་གང་དྲན་འདོན།།
ལ་ལུང་ཀུན་ཏུ་བསྟན་པའི་ཞབས་འདྲེན་ཞུ།།
ཤ་ཁྲག་ཟས་ལ་མི་འཛེམས་སྤྱང་ཀི་འདྲ།།
ས་རྫོད་མིག་རྫོད་ཀུན་ཀྱང་ཞེན་པ་ལོག།
ཧ་ཅང་སྙན་པོ་མེད་ཀྱང་སྙིང་གཏམ་ཡིན།།
ཨ་རོ་ཁ་དྲོ་ཀུན་གྱིས་ཉན་རོགས་གྱིས།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༥ལ།

བརྒྱུད་བསྐུར།    Facebook

མཆོག་སྨྱོན་པའི་ཀ་རྩོམ།