རང་ཚུལ་དྲང་པོར་བརྗོད་པའི་གཏམ་ཞེས་བྱ་བ་བཞུགས།

Choktrul20201206

༼ རང་ཚུལ་དྲང་པོར་བརྗོད་པའི་གཏམ་ཞེས་བྱ་བ་བཞུགས། ༽

༄།། ཀ་ཡེ་གསོན་དང་བདག་གི་དྲྭ་གྲོགས་ཚོ།།
ཁ་ཙམ་མིན་པར་ཆོས་ལ་མོས་པ་དང་།།
ག་རུ་བསྡད་ཀྱང་ཕྱི་གསལ་ནང་གསལ་འདི།།
ང་ཡི་ལོ་རྒྱུས་ཀུན་གྱི་རྩ་བ་ཡིན།།

ཅ་ག་བདེ་སྤྱོད་བྱེད་ལ་ཤིན་ཏུ་མཁས།།
ཆ་ལུགས་སྐྱ་ཆས་སྤྲས་ཤིང་རྒྱ་མགོ་བཞག།
ཇ་ནག་འཐུང་ཞིང་ཆང་ནི་དེང་སང་བཅད།།
ཉ་སོགས་དམར་ཟས་སྤངས་ནས་དཀར་ཟས་རོལ།།

ཏཱ་ཐ་ག་ཏཱའི་གཞུང་ལ་ཐོས་པ་ཆེ།།
ཐ་མལ་མི་ལ་ཆོས་ཀྱི་སྣང་བ་སྟེར།།
ད་ལོ་ན་ནིང་གཙོ་བོ་འཆི་ཆོས་སྒྲུབ།།
ན་ཚ་མང་ཞིང་ལོ་ཡང་རྒས་ལ་ཉེ།།

པ་རེ་པུ་རེའི་འཆལ་གཏམ་སྨྲ་ལ་འཛེམས།།
ཕ་མ་འགྲོ་དྲུག་ཀུན་ལ་སྙིང་རྗེ་སྒོམ།།
བ་གླང་བཞིན་དུ་མི་ཉལ་དཔེ་ལྟས་བྱེད།།
མ་རྒན་ཤི་ནས་ལོ་འཁོར་མ་ཟིན་ཙམ།།

ཙ་ཀྲ་འཁོར་ལོ་བསྐོར་ཞིང་འོད་མཚན་བགྲང་།།
ཚ་གྲང་མཉམ་པའི་ཐེ་ཝན་ཡུལ་དུ་གནས།།
ཛ་ཡའི་བསྟན་པ་ཕྱོགས་མེད་ཀུན་ལ་དད།།
ཝ་བཞིན་གཡོ་སྒྱུ་མི་ཆེ་སྤྱང་གྲུང་འཛོམས།།

ཞྭ་མོ་མི་གྱོན་རྐང་དོར་གྱོན་ལ་དགའ།།
ཟ་ཁང་ནང་དུ་ཀུན་ལ་སྦྱིན་བདག་བྱེད།།
འ་འུར་མཛེས་མ་མང་པོས་ནམ་རྒྱུན་བསྐོར།།
ཡ་ཆུང་སེམས་འདི་དགའ་རོགས་འཚོལ་ལ་དགའ།།

ར་བ་མཚོ་ཡིས་བསྐོར་བའི་གླིང་ཕྲན་དང་།།
ལ་ལུང་ཀུན་ཏུ་གྲོགས་པོ་མང་པོ་ཡོད།།
ཤ་རུས་གཅིག་པའི་བུ་གཉིས་གཅིག་གྲྭ་བ།།
ས་ཆ་གར་ཡང་འགྲོ་འདུག་བདེ་མོ་ཡི།།

ཧ་ལམ་ཙམ་གྱི་རང་གི་ལོ་རྒྱུས་འདི།།
ཨ་རོགས་ཀུན་གྱིས་མཁྱེན་ཕྱིར་བྲིས་པ་འོ།།

རང་དང་དངོས་སུ་མཇལ་མ་མྱོང་བའི་དྲྭ་གྲོགས་མང་པོ་ཞིག་ལ།   རང་ཉིད་ཀྱི་རང་བཞིན་བརྗོད་པའི་ངོ་སྤྲོད་འདི་འཕྲལ་བྲིས་བྱེད་པོ་ནི་ཤཱཀྱའི་དགེ་བསྙེན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནོ།།

སྤྱི་ལོ་༢༠༢༠ཟླ་༡༢ཚེས་༦ལ།

རྒྱ་ཡིག   我的真實自傳
དབྱིན་ཇིའི་ཡིག    My True Autobiography
བརྒྱུད་བསྐུར།    Facebook 連結

མཆོག་སྨྱོན་པའི་ཚུལ།

མཆོག་སྨྱོན་པའི་ཀ་རྩོམ།