བསམ་གཏན་པའི་ཁ་སྤུ་ལས་བརྩམས་པའི་ཀ་རྩོམ།

BodhiDharma20201208

༼ བསམ་གཏན་པའི་ཁ་སྤུ་ལས་བརྩམས་པའི་ཀ་རྩོམ། ༽

༄།། ཀ་པ་ལ་ཡི་སྤུ་བཏོགས་ནས།།
ཁ་ཡི་ཟུར་ལ་བཙུགས་པ་འདྲ།།
གར་ཡང་བྱོན་པའི་རྒྱ་གར་པ།།
ང་ཡིས་ཁྱེད་ལ་རྩོམ་ཞིག་འབྲི།།

ཅ་ག་ཡོད་ཚད་ལུས་ལ་ཁྱེར།།
ཆ་ལུགས་གོས་ལྭ་རིང་པོ་མནབ།།
ཇ་ཡི་ཕ་ས་རྒྱ་ཡུལ་དུ།།
ཉ་བའི་རིགས་ཀུན་ཆོས་ལ་བཙུད།།

ཏཱ་ཐ་རྡོ་རྗེ་གཅོད་པའི་བཀའ།།
ཐ་དད་མ་ཡིན་ཐུགས་ལ་འབྱོར།།
ད་ལྟ་ཞི་གནས་བསམ་གཏན་གྱི།།
ན་ཚོད་ཤེས་རབ་ཀློང་དུ་རྫོགས།།

པ་ར་མི་ཏའི་མདོ་སྡེ་ལས།།
ཕར་ཕྱིར་དྲུག་ལྔ་གཙོར་འདོན་སྲོལ།།
བ་གླང་བླུན་སྒོམ་ལས་འདས་པ།།
མ་ལུས་བཞུགས་པ་ཁྱེད་ཀྱི་དྲིན།།

ཙ་རི་ཏྲ་ལ་མ་བསྐོར་ཞིང་།།
ཚ་བའི་ཡུལ་ནས་རྒྱ་ལ་བསླེབས།།
ཛ་ཡའི་བསྟན་འཛིན་ཉེར་བརྒྱད་པ།།
ཝ་ལེར་ཁྱེད་རང་དྲན་ནས་བྱུང་།།

ཞྭ་མོ་མེད་པར་ལྷམ་གཅིག་བསྣམས།།
ཟ་མ་ཏིང་འཛིན་ཟས་ཀྱིས་འཚོ།།
འ་འུར་ལོ་དགུར་ངག་བཅད་ནས།།
ཡ་གི་འཕགས་པའི་ཏིང་འཛིན་བསྒོམས།།

ར་བ་བྲག་གིས་བསྐོར་བའི་གནས།།
ལ་མིང་ཧི་ནན་རི་བོ་ནས།།
ཤ་ཆང་བདུད་རྩི་མ་རོལ་བར།།
ས་དེར་ཁྱེད་ཀྱིས་ཆོས་ལུགས་སྤེལ།།
ཧ་ཅང་བསམ་གཏན་ལ་དད་པའི།།
ཨ་ལག་མཆོག་སྤྲུལ་འབོད་དེས་བྲིས།།

དམིགས་བསལ་ཞུ་འདོད་ཡོད་པ་ཞིག་ནི་རྒྱ་ནག་བསམ་གཏན་ཆོས་ལུགས་ལ་རྒྱུས་ལོན་བྱེད་འདོད་ཡོད་མཁན་ཚོས།

སྐད་གཉིས་སྨྲ་བའི་མཁས་དབང་ཆེན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་བའི་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་ལ་ཞིབ་གཟིགས་རེ་གནང་རོགས། ཁོང་གིས་བསྒྱུར་བ་དེ་ཧ་ཅང་ཡག་པོ་ཡོད།

སྤྱི་ལོ་༢༠༢༠ཟླ་༡༢ཚེས་༨ལ།

བརྒྱུད་བསྐུར།    Facebook

མཆོག་སྨྱོན་པའི་ཀ་རྩོམ།