སྤྲུལ་སྐུས་མཁན་པོ་ལ་བསྙད་འཚོལ་བ།

Khenpo20201127

༼ སྤྲུལ་སྐུས་མཁན་པོ་ལ་བསྙད་འཚོལ་བ། ༽

༄།། ཀ་ཡེ་གསོན་དང་དགེ་བཤེས་མཁན་པོ་ཚོ།།
ཁ་བཤད་རྐྱང་པས་མི་ཚེ་མི་སྐྱེལ་བར།།
ག་རུ་ཕྱིན་ཀྱང་རང་གི་སེམས་ལ་ལྟོས།།
ང་ཞེས་གྲུབ་དང་མ་གྲུབ་ལེགས་པར་བརྟག།

ཅ་ཅོ་ཆབ་སྲིད་དང་འདྲེས་ཆོས་བཤད་དང་།།
ཆ་ལུགས་ངུར་སྨྲིག་གྱོན་ནས་གྲོང་སྒོར་འཁྱམས།།
ཇ་ཁང་ཟ་ཁང་ཀུན་ཏུ་དམར་འཛོ་འཛོ།།
ཉ་མོ་འཁྱུག་འདྲའི་འཁྲབ་སྟོན་བྱེད་མ་འདུག།

ཏ་ཐཱ་ག་ཏཱའི་གཞུང་ལུགས་ཟབ་མོའི་དོན།།
ཐ་ན་ཚིག་ཙམ་མི་ཤེས་མཁན་མིང་ཅན།།
ད་ལོ་ན་ནིང་ཇེ་མང་ཇེ་མང་རེད།།
ན་ཚོད་རྒས་ཀྱང་རང་རྒྱུད་ཀྱང་མ་ཐུལ།།

པ་ར་མི་ཏ་ཕ་རོལ་ཕྱིན་པའི་ཆོས།།
ཕ་རོལ་དམའ་འབེབས་རྩེད་མོ་རྩེད་ཆས་བྱེད།།
བ་ལང་མི་ཐོད་བཙུན་གཟུགས་འཛིན་མཁན་ཚོ།།
མ་རྒན་མགོ་སྐོར་གཏོང་ན་ཁྲམ་པ་ཡིན།།

ཙ་རིའི་ལམ་བཞིན་རང་རྒྱུད་ཤིན་ཏུ་འཁྱོག།
ཚ་ན་བཞུ་སླ་གྲང་ན་འཁྱག་འགྲོ་ཞིང་།།
ཛ་ཡེའི་གྲོགས་སུ་བསྟེན་ན་མགོ་བསྐོར་བའི།།
ཝ་མོ་ལྟ་བུའི་གཤིས་ཀ་སྡུག་པ་ལ།།

ཞྭ་མོ་གྱོན་ཤེས་ཙམ་གྱིས་མཁས་པ་མིན།།
ཟ་ལུགས་འགྲོ་ལུགས་ཀུན་དང་བསྟུན་མི་ཤེས།།
འ་འུར་སྒྲོག་ལ་ཁྱི་ལས་སྐད་གསང་མཐོ།།
ཡ་ཡ་ལྟོས་ལྟོས་ཟེར་ཡང་ང་མི་སྐྲག།

རྭ་མགོ་ཅན་བཞིན་ཀུན་དང་མཐུན་མི་ཤེས།།
ལ་ལུང་མེད་པར་སྤྲུལ་རྫུན་མང་འདུག་ཟེར།།
ཤ་ཚ་མེད་པའི་རྟོག་གེ་མགོ་མཁྲེགས་ཚོ།།
ས་ཆ་གང་དུ་འདུག་ཀྱང་རྩོད་དགོས་ཡ།།
ཧ་ཧ་སྤྲུལ་སྐུའི་ལམ་ལུགས་སྣུབ་མཁན་ཚོ། །
ཨ་རོ་སྡོད་དང་དགའ་ཞེས་འབོད་བསྐུལ་ཡིན། །

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༦ལ།

བརྒྱུད་བསྐུར།    Facebook

མཆོག་སྨྱོན་པའི་ཀ་རྩོམ།