སྤྲུལ་སྐུ་ཚོ་ང་ཚོས་ཅི་ལྟར་བྱེད་རྒྱུ་ཡིན།

Tulku20201127

༼ སྤྲུལ་སྐུ་ཚོ་ང་ཚོས་ཅི་ལྟར་བྱེད་རྒྱུ་ཡིན། ༽

༄།། ཀ་ཡེ་གསོན་དང་རིགས་མཐུན་སྤྲུལ་སྐུ་ཚོ།།
ཁ་ནས་ཆེ་རབས་གཉན་རབས་བཤད་ན་ཡང་།།
ག་རུ་སོང་ཡང་སྒོར་མོ་རྐྱང་རྐྱང་སློང་།།
ང་ཚོ་སྤྲང་པོ་རྣམས་དང་ཁྱད་ཅི་ཡོད།།

ཅ་ལག་མིག་གིས་རིག་ཚོད་མི་དགོས་མེད།།
ཆ་ལུགས་སྤྲུལ་གཟུགས་ཙམ་ལས་ཡོན་ཏན་མེད།།
ཇ་སྐོལ་ཙམ་ཡང་མི་ཤེས་རང་མཐོང་ཅན།།
ཉ་དུང་འབུ་བཞིན་འཁུམས་ནས་སྙིང་སྟོབས་མེད།།

ཏ་རེན་མི་དྲག་བཞིན་དུ་ཆེ་འགྱིང་བྱེད།།
ཐ་མལ་མི་ཚོ་སྤྱན་གྱིས་མི་གཟིགས་མདོག།
ད་ལྟ་ཚང་མས་སྤྲུལ་རྫུན་མང་འདུག་ཟེར།།
ནར་མར་བསམ་ན་དེ་ཚོར་ཁག་མི་འདུག།

པ་སངས་ལྟ་བུའི་རྣམ་དཀར་བྱ་བ་མེད།།
ཕ་རོལ་མི་ལ་རྫུན་བཤད་མགོ་བོ་བསྐོར།།
བ་གླང་འདྲ་བའི་ང་ཚོ་སྤྲུལ་སྐུ་ཚོས།།
མ་རབས་བྱ་བ་སྤང་ན་དགའ་ས་འདུག།

ཙ་རི་སོགས་ལ་རྟེན་བཞེངས་མིང་གི་དོན།།
ཚ་ཁུལ་རྒྱ་ཡུལ་འགྲིམ་པ་རྒྱུ་ཡི་ཆེད།།
ཛ་ཡའི་གསུང་དང་མཐུན་པ་གཅིག་ཀྱང་མེད།།
ཝ་ལེར་བསམ་ན་རང་གིས་རང་ལ་ཁྲེལ།།

ཞྭ་མོ་པད་ཞུ་ས་ཞུ་འདྲ་མིན་གྱོན།།
ཟ་འདོད་བྱེད་ལ་ཁྲམ་པ་ལས་ཀྱང་སྡུག།
འ་འུར་འཁོར་གཡོག་མང་པོས་བསྐོར་ནས་འགྲོ།།
ཡ་ཡ་གོ་གོ་ཟེར་བཞིན་སྙན་མོ་བཤད།།

རྭ་ཅོ་ལྡན་པའི་ཁྱུང་གཡག་བཞིན་དུ་འགྱིང་།།
ལ་ལུང་ཀུན་ཏུ་ལྷ་མཐོང་འདྲེ་མཐོང་བཤད།།
ཤ་ཁྲག་སྐོར་ལ་མི་འཛེམ་ཁྱི་ལྟོག་འདྲ།།
ས་སྟེང་འདི་ན་ང་ཚོའི་སྡུག་པ་ཞིག།
ཧ་ལམ་མེད་པ་འདྲ་བས་མི་སྐྱོ་འམ།།
ཨ་ལག་མིང་འཛིན་ཀུན་ཀྱང་གཟབ་དགོས་འདུག།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༧ལ།

བརྒྱུད་བསྐུར།    Facebook

མཆོག་སྨྱོན་པའི་ཀ་རྩོམ།