བྱང་ཆུབ་སེམས་ལ་བསྟོད་པ། 76 – 80

avalokiteshvara20201122

༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༧༦ ༽
༄། །སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།
བྱང་ཆུབ་སེམས་ཀྱི་ཆ་ཤས་ཡིན།།
མངོན་ཤེས་རྫུ་འཕྲུལ་གྲུབ་རྟགས་ཀྱང་།།
བྱང་ཆུབ་སེམས་ལས་མ་བྱུང་མེད།།

༼ ༧༧ ༽
སངས་རྒྱས་གོ་འཕང་སྒྲུབ་པ་ལ།།
མེད་མི་རུང་བའི་རྒྱུ་གཅིག་ནི།།
བྱང་ཆུབ་སེམས་མཆོག་ཡིན་པས་ན།།
རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

༼ ༧༨ ༽
དབྱར་ཁ་འཇའ་མཚོན་ཤར་བ་དང་།།
དགུན་ཁ་མེ་ཏོག་སྐྱེ་བ་སོགས།།
ཡ་མཚན་ཆེ་བར་རློམ་པ་ལས།།
གཞན་ཕན་བསྒྲུབ་ན་མི་དགའ་འམ།།

༼ ༧༩ ༽
བྱང་ཆུབ་སེམས་ཀྱི་རིན་ཐང་ནི།།
ས་གཞི་ཆེན་པོས་མི་ཐེག་ཅིང་།།
ནམ་མཁའི་ཁམས་སུ་ཤོང་མིན་ཡང་།།
སེམས་ཀྱིས་བསླབ་ཏུ་རུང་བ་འོ།།

༼ ༨༠ ༽
སྐད་ཅིག་གཅིག་གི་དུས་ཙམ་ལ།།
བྱང་ཆུབ་སེམས་མཆོག་སྐྱེས་གྱུར་ན།།
མི་ཟད་སྡིག་པ་འཛད་འགྱུར་ཞིང་།།
དགེ་བ་ཕུན་སུམ་ཚོགས་པར་འགྱུར།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༡ཟླ་༡ཚེས་༩ནས་ཟླ་༡ཚེས་༡༣བར་ལ་ཕུལ།

རྒྱ་ཡིག   菩提心讚頌 76 – 80
དབྱིན་ཇིའི་ཡིག   Praises on Bodhicitta 76 – 80
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།