avalokiteshvara20201030 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༡༡ ༽ ༄། །བྱང་ཆུབ་སེམས་མཆོག་འདི་མེད་ན།། བསྙེན་སྒྲུབ་ལས་ལ་འབད་པ་དང་།། ཕྱག་རྫོགས་ཇི་ལྟར་བསྒོམས་ན་ཡང་།། སངས་རྒྱས་རྒྱུ་རུ་འགྱུར་བ་དཀའ།།

༼ ༡༢ ༽ འགྲོ་མང་གྲངས་དང་བསྐལ་མང་ཡུན།། དཀའ་ཚེགས་ཆེན་པོ་ཅི་བྱུང་ཡང་།། མི་སྐྱོ་སླར་ཡང་སྤྲོ་བ་འཕེལ།། བྱང་ཆུབ་སེམས་ནི་དཔའ་བོ་མཆོག།

༼ ༡༣ ༽ བྱང་ཆུབ་སེམས་མཆོག་སྐྱེས་ནས་བཟུང་།། ཆགས་སོགས་ཉོན་མོངས་འཕྲལ་དུ་ཞི།། ཀུན་ཏུ་དགེ་བའི་བཤེས་དང་འཕྲད།། ལུས་བདེ་སེམས་སྐྱིད་ངལ་གསོ་ཐོབ།།

༼ ༡༤ ༽ བྱང་ཆུབ་སེམས་ནི་གསེར་དང་མཚུངས།། ཕྱུག་པོའི་རེ་བ་སྐོང་ནུས་ཤིང་།། དབུལ་པོའི་བཀྲེས་པའང་སེལ་བར་ནུས།། ཀུན་དགའ་དོན་གྲུབ་འདི་ལས་ཅི།།

༼ ༡༥ ༽ བྱང་ཆུབ་སེམས་ནི་ས་གཞི་ལྟར།། རྒྱུ་དང་མི་རྒྱུའི་རྟེན་བྱེད་ཅིང་།། བཟང་ངན་ཀུན་ཀྱང་འདེགས་པར་ནུས།། ཀུན་ལ་བཏང་སྙོམས་ཆེན་པོའོ།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༠ཚེས་༥ནས་ཟླ་༡༡ཚེས་༩བར་ལ་ཕུལ།

རྒྱ་ཡིག   菩提心讚頌 11 – 15 དབྱིན་ཇིའི་ཡིག   Praises on Bodhicitta 11 – 15 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།