༼ སྔ་འགྱུར་རྙིང་མའི་མཁས་དབང་རྣམས་ལ་ཆེད་ཞུ། ༽
༄། །བདག་གིས་ཟླ་བ་ཁ་ཤས་སྔོན་དུ་དྲི་བ་ཐོག་འབེབས་མ་ཟེར་བ་ཞིག་བཀོད་ཡོད་ཀྱང་། དེ་ལ་ད་སྔོན་ཁ་ལྟ་ཚིག་ནག་གི་ལན་ཐབས་ཆག་ཙམ་རེ་ལས། གནད་དུ་སྨིན་པའི་ལན་ཞིག་སུས་ཀྱང་གསུངས་མ་སོང་བས། སེམས་ཅུང་ཟད་མ་ཁེངས་བའི་ཡི་མུག་ཅིག་བྱུང་། དེའི་རྒྱུ་མཚན་ཕྱེད་ཀ་ནི་ད་སྐབས་ང་ཚོ་རྙིང་མའི་དཔེ་ཆ་བ་ཚོས་རྫོགས་ཆེན་གྱི་སྐོར་ལ་ལྟ་རྟོགས་བྱེད་ཀི་མེད་པ་ཨེ་ཡིན་ནམ་སྙམས་པ་ཡིན་ཞིང་། རྒྱུ་མཚན་ཕྱེད་ཀ་ནི་གནད་དུ་འབྱོར་བའི་ལན་ཞིག་འདེབས་རྒྱུ་མ་རྙེད་པའང་ཡིན་སྲིད་སྙམས་པ་ཡིན། གང་ལྟར་ད་སྐབས་འཛམ་གླིང་ཤར་ནུབ་གཉིས་སུ་མཚན་གྱི་བ་དན་དཀར་པོས་ཡོངས་སུ་ཁྱབ་པའི་རང་གི་ཆོས་ཀྱི་གྲོགས་པོ་དམ་པ་ས་རྙིང་ཟུང་འབྲེལ་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་རྫོང་གསར་མཁྱེན་བརྩེའི་དབང་པོ་དང་། གཞན་ཡང་ཡ་གསེར་ཀླུ་གསུམ་གྱི་མཁན་ཆེན་རྣམས་པ་དང་། རྡོར་སྨིན་དཔལ་གསུམ། ཀཿ དཔལ་རྫོགས་གསུམ་གྱི་མཁན་ཆེན་རྣམ་པ་སོགས། མཚན་ལས་དོན་ཆེ་བའི་སྐྱེས་མཆོག་ཁྱེད་རྣམ་པ་ཐམས་ཅད་ཀྱིས། སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་གོང་མ་ཚོ་བཞིན་རྫོགས་ཆེན་གྱི་སྐོར་ལ་དམིགས་བསལ་དོ་སྣང་དང་རྩལ་འདོན་ཞིག་མཛད་རེ་ཅི་ནས་ཀྱང་ཆེ་བས། མ་གཟིགས་པ་དང་མ་གསན་པ་མིན་ན། འདི་ལས་བརྩམས་ཏེ་ཡིད་དུ་འོང་ཞིང་འགྲོ་ལ་སྨན་པའི་ལེགས་བཤད་གསེར་གྱི་མགུལ་རྒྱན་རེ་ཅིས་ཀྱང་ཡོད་འོས། གལ་ཏེ་བདག་གིས་བྲིས་པའི་དྲི་བ་ཐོག་འབེབས་མ་ལ་ཀླན་ཀ་རེ་ཡོད་པ་གཟིགས་ནས་ལན་མ་གནང་བ་ཡིན་ན། ཚིག་དོན་གཉིས་ཀྱི་ཆ་གང་ལ་སྐྱོན་ཡོད་ན་ཤིག་ཐོག་མཛུབ་མོ་གནང་རོགས་ཞེས་སླར་ཡང་བསྐུལ་བ་ཡིན། མདོར་ན་བསྟན་པའི་འགན་ཡོད་པའི་སྐྱེས་བུ་ཐམས་ཅད་ལ་གཏམ་འདི་གལ་ཆུང་ཞིག་མིན་པས་དགག་སྒྲུབ་ཡིད་ཚིམ་པ་ཞིག་གནང་རོགས་ཞེས་ཞུ་གི་ཡོད། དེ་མིན་ནམ་རྒྱུན་བརྗོད་བྱ་པར་པུར་རེ་ལ་འཐམ་ནས་ཡིན་ཡིན་འགྲིག་འགྲིག་ལྟར་སྨྲས་པ་ལ་ནི། མཐོང་བ་མང་བས་སུན་སོང་བ་འམ། ཁྱིའི་ཁ་སྤུའི་ནང་ཡན་ཆོད་ན་ཡོད་པས་ཉོབ་སོང་བ་གང་ཡིན་མ་འཚལ་ཏེ། བྲོ་བ་ཞིག་ཕར་ཞོགས་སྐབས་རེར་སྙིང་རྗེའང་སྙམ་པ་རེའང་འབྱུང་གིན་འདུག་པས། ད་ནི་རྙིང་མ་བས་མདོ་སྒྱུ་སེམས་གསུམ་ལས་བརྩམས་པའི་གལ་ཆེའི་གཞུང་ལུགས་ཀྱི་སྟེང་ལ་བགྲོ་གླེང་རེ་མཛད་རེ་ཤིན་ཏུ་ཆེ་ཞེས།
ལུང་རིགས་སྨྲ་བའི་གྲལ་མཐར་གནས་པ་དཔལ་ཡུལ་མཆོག་སྤྲུལ་སྨྱོན་པས་སྤྱི་ལོ་ ༢༠༢༡ ཟླ་ ༢ ཚེས་༡ ལ།
རྒྱ་ཡིག 敬呈寧瑪巴的法主們
དབྱིན་ཇིའི་ཡིག ་To the Esteemed Nyingma Lineage Holders
བརྒྱུད་བསྐུར། Facebook
མཆོག་པཎ།
- གནས་དོན་དྲི་བ་ཐོག་འབེབས་མ་བཞུགས་སོ།
- དྲི་བ་ཐོག་འབེབས་མ་ལ་ལན་གསུང་མཁན་ཚོར་སྔོན་བརྡ་ཞིག་ཡོད།
- ཚད་གྲུབ་ཀྱི་རྣམ་བཞག་སྒྲོན་སྐར་ཟླ་ཉིཞེས་བྱ་བ་བཞུགས།
- གངས་རིའི་ལྗོངས་སུ་ད་ལྟ་སྐུ་འཚོ་ཞིང་བཞེས་པའི་མཁས་དབང་རྣམ་པ།
- རང་ཚུལ་ལེགས་པར་བརྗོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ།
- རིག་སྟོང་ཡེ་ཤེས་རྗེན་པར་སྟོན་པའི་མཆིད་ལན་གསེར་གྱི་མེ་ཏོག