group20201129 ༼ ཀ་མད་སུམ་ཅུ་ལུགས་ལྡོག་གི་སྙིང་གཏམ་འཁོར་བ་ཕྱིར་ལྡོག་གི་གདམས་པ། ༽

༄།། ཨ་ཁུ་ཨ་ནེ་སེར་ཁྱིམ་པ་སོགས་ཀྱིས།། ཧ་ཅང་སེམས་པ་དཀར་བའི་གཏམ་འདིར་གསོན།། ས་གསུམ་འགྲོ་བའི་སྐྱབས་གནས་དཀོན་མཆོག་གསུམ།། ཤ་ཚའི་བདག་ཉིད་སྤྱན་རས་གཟིགས་མ་བརྗེད།། ལ་རྒྱའི་དོན་གོ་སྙིང་པོ་མ་ཎི་སྒྲོངས།། རྭ་འདྲའི་རང་རྒྱུད་གྱོང་པོ་ཆོས་ཀྱིས་ཐུལ།།

ཡ་མ་ར་ཙ་བསླེབས་ཚེ་མི་འགྱོད་ཅིང་།། འ་འུར་མེད་ཀྱང་ཆོས་དང་སེམས་འདྲེས་ན།། ཟ་ལུགས་འཐུང་ལུགས་སྤྱོད་ལམ་ཅི་འདྲ་ཡང་།། ཞྭ་གོས་ལྷམ་གསུམ་འཛོམས་ལྟར་དྲོད་ཅིག་འོང་།།

ཝ་སྐྱེས་བཞིན་དུ་ངན་སེམས་མི་འཆང་བར།། ཛ་ཡ་རྒྱལ་བའི་གསུང་ལ་ཡིད་ཆེས་གྱིས།། ཚ་གྲང་དཀའ་བ་ཁྱད་བསད་སྒྲིབ་སྦྱོང་ཕྱིར།། ཙ་རི་ལྷ་ས་རྡོར་གདན་གནས་སྐོར་གྱིས།།

མ་རྒན་འགྲོ་བ་ཡོངས་ལ་བྱང་སེམས་སྒོམས།། བ་གླང་ར་ལུགས་ཤ་ལ་སྲེད་པ་སྤོངས།། ཕ་མར་མ་གྱུར་གཅིག་ཀྱང་མེད་པས་ན།། པ་པུར་རྩོད་ཀི་མ་འདུག་དབྱེན་ཚིག་སྤོངས།།

ན་རྒས་འཆི་བ་བྱུང་ན་འགྱོད་པའི་རྒྱུ།། ད་ལྟ་ཉིད་ནས་ཕྱི་མའི་རྒྱགས་ཕྱེ་སྒྲུབས།། ཐ་ན་མཆོད་མེ་གཅིག་དང་ཕྱག་རྡོག་གཅིག། ཏ་ཐ་གཱ་ཏའི་གཞུང་དང་མཐུན་པ་ཞིག།

ཉ་གང་རྒྱས་པ་ལྟ་བུའི་དཀར་པོ་ལས།། ཇ་ཡུན་ཙམ་ལ་ནུས་ཀྱང་ཅི་ནུས་འབུངས།། ཆ་ལུགས་ཆོས་དང་མཐུན་ན་འདི་ཕྱིར་དགེ། ཅ་ག་འཁོར་ལོ་ཕྲེང་བ་འབྲལ་མི་རུང་།།

ང་ཚོས་དགེ་སྡིག་ཅི་ཞིག་བསགས་ན་ཡང་།། ག་རུ་ཕྱིན་ཀྱང་རྣམ་སྨིན་མྱོང་ངེས་ཡིན།། ཁ་ཁ་མ་ཡིན་ང་ཚོ་ལྷན་ཅིག་ཏུ།། ཀ་དག་གདོད་མའི་ས་རུ་ཕྱིན་པར་ཤོག།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༩ལ།

བརྒྱུད་བསྐུར།    Facebook མཆོག་སྨྱོན་པའི་ཀ་རྩོམ།