dakini20201130 ༼ བོད་ཀྱི་མཁའ་འགྲོ་མ་དྲན་པའི་ངང་ཐུང་གི་གླུ་ཆུང་། ༽

༄།། ཀྭ་ཡེ་གསོན་དང་བོད་ཀྱི་མཁའ་འགྲོ་ཚོ།། ཁ་དོག་དཀར་རྩི་དམར་རྩི་བྱུག་ལ་མཁས།། ག་ནས་བལྟས་ཀྱང་གླུ་མ་གྲགས་ཅན་འདྲ།། ང་ཚོ་འདོད་པའི་ཆང་གིས་མྱོས་ནས་ཡོད།།

ཅ་ག་ཁ་པར་རྩེད་ལ་ཤིན་ཏུ་དགྱེས།། ཆ་ལུགས་སྔགས་ཆས་བོད་ཆས་འདྲ་མིན་མནབ།། ཇ་ཁང་ཀུན་ཏུ་སྐུ་པར་མཇལ་རྒྱུ་འདུག། ཉ་པ་བཞིན་དུ་གོ་སྐབས་འཚོལ་སྙིང་འདོད།།

ཏཱ་རེ་ཁྱེད་དང་ལུས་འབྲེལ་གཅིག་བྱུང་ན།། ཐ་ལ་ལ་མོ་འགུག་བཞིན་སྐྱིད་གླུ་ལེན།། ད་ལྟ་ཁྱེད་ལ་དྲང་པོར་བཤད་པ་ཡིན།། ན་ནིང་བཤད་སྙམས་སྤོབས་པས་མ་འདང་ཐལ།།

པ་ལྕོག་སྒྲོག་པའི་གནག་སྣུམ་སྐྲ་ཟུར་ནས།། ཕ་རོལ་འགུགས་པའི་སྤྱན་ཟུར་གཡོ་མཐོང་ཚེ།། བ་གླང་བཞིན་དུ་དབང་པོ་འགྲེངས་ན་ཡང་།། མ་མཐོང་མདོག་བཞིན་ལྐོག་ནས་རྒྱང་བལྟས་བྱས།།

ཙ་རི་ཏྲ་སོགས་གངས་བྲག་གཡའ་སྐྱིབས་སུ།། ཚ་གྲང་བཟོད་བསྲན་ཆོས་བཞིན་བཞུགས་མཐོང་ཚེ།། ཛ་ཡེ་ཁྱེད་དང་འགྲོགས་རྒྱུའི་རེ་འདུན་ནི།། ཝ་ལེ་ཝ་ལེར་ལྷག་ཏུ་དྲན་ནས་བྱུང་།།

ཞྭ་མོ་བཞིན་དུ་ཁྱེད་ཉིད་སྤྱི་བོར་བཀུར།། ཟ་མའང་ཁྱེད་དང་ལྷན་དུ་ཟ་སྙིང་འདོད།། འ་འུར་མེད་པའི་མགྲོན་ཁང་སྐྱིད་པོ་ནས།། ཡ་ཆུང་སྙིང་གི་དྲོད་ལ་གླན་སྙིང་འདོད།།

ར་བ་གངས་ཅན་ལྗོངས་ཀྱི་མཁའ་འགྲོ་དང་།། ལ་ལུང་འབུམ་ཕྲག་མང་པོས་ཆོད་ན་ཡང་།། ཤ་ཚའི་བརྩེ་བའི་གསུང་ལན་ཕུལ་ཤོག་དང་།། ས་ཆ་གང་དུ་བཞུགས་ཀྱང་ང་ཐོན་འོང་།། ཧ་ཧ་ཁྱེད་ཐུགས་དགྱེས་པའི་ཞུ་མཆིད་འདི།། ཨ་ལགས་སྨྱུག་འཛིན་མཆོག་སྤྲུལ་མིང་དེས་ཕུལ།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༩ལ།

བརྒྱུད་བསྐུར།    Facebook མཆོག་སྨྱོན་པའི་ཀ་རྩོམ།