བྱང་ཆུབ་སེམས་ལ་བསྟོད་པ། 66 – 70

avalokiteshvara20201114

༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༦༦ ༽
༄། །བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
སླར་ཡང་གསོ་བར་རུང་བ་སྟེ།།
རིན་ཆེན་དང་པོའི་གསེར་ཆག་ཀྱང་།།
སྔར་བཞིན་གསོ་བར་དཀའ་བ་མེད།།

༼ ༦༧ ༽
ཁྲོ་བས་རང་རྒྱུད་སྲེག་པ་དང་།།
ཕྲག་དོག་ལུས་སེམས་མི་བདེ་བསྐྱེད།།
དེ་ཡི་གཉེན་པོ་མཆོག་གྱུར་པ།།
རྨད་བྱུང་བྱང་ཆུབ་སེམས་འདི་ཡིན།།

༼ ༦༨ ༽
རྡོ་ལ་ཞབས་རྗེས་ཕྱག་རྗེས་དང་།།
མཁའ་ལ་འཕུར་དང་ཆུ་ལ་རྒྱུགས།།
དུད་འགྲོ་ལ་ཡང་ཡོད་པས་ན།།
གྲུབ་རྟགས་མཆོག་ནི་བྱང་སེམས་ཡིན།།

༼ ༦༩ ༽
ཐོས་པ་འདོད་ན་བྱང་སེམས་སློབས།།
བསམ་པར་འདོད་ན་བྱང་སེམས་སློབས།།
སྒོམ་པར་འདོད་ན་བྱང་སེམས་སློབས།།
བསླབ་བྱའི་གཙོ་བོ་བྱང་སེམས་ཡིན།།

༼ ༧༠ ༽
དགྲ་གཉེན་བར་མའི་སེམས་ཅན་ལ།།
ཕ་མའི་འདུ་ཤེས་བསྐྱེད་ཐུབ་ན།།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
རྒྱུད་ལ་སྐྱེ་བར་ཐག་མི་རིང་།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༢ཚེས་༣༠ནས་ལོ་༢༠༢༡ཟླ་༡ཚེས་༣བར་ལ་ཕུལ།

རྒྱ་ཡིག   菩提心讚頌 66 – 70
དབྱིན་ཇིའི་ཡིག   Praises on Bodhicitta 66 – 70
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།