༼ དགའ་དད་ཀྱི་ཀློང་དུ་བཞུགས་པའི་སྐྱེས་མཆོག་ཅིག་ལ་ཕུལ་བའི་ཀ་རྩོམ། ༽
༄།། ཀ་བ་མེད་པའི་བྲག་ཕུག་སྟོང་པ་རུ། །
ཁ་རོག་མ་ཡིན་ཏིང་ངེ་འཛིན་ལ་བཞུགས། །
ག་ནས་མཇལ་ན་ཞེན་མེད་བྱ་བྲལ་བ། །
ང་ཡི་བླ་མ་མཁན་སྤྲུལ་རིན་པོ་ཆེ། །
ཅ་གར་འཛིན་པ་མེད་པའི་ཆོག་ཤེས་ཅན། །
ཆ་ལུགས་ངུར་སྨྲིག་མནབས་ཤིང་ཞི་དུལ་ལྡན། །
ཇ་མེད་ཆུ་བཞེས་འཚོ་བ་ངན་ངོན་བསྟེན། །
ཉ་རྒྱས་ཟླ་བཞིན་ཡོན་ཏན་ཡོངས་སུ་རྫོགས། །
ཏཱ་ཐ་ག་ཏ་རྒྱལ་བའི་གཞུང་ལུགས་ཀུན། །
ཐ་དད་མ་ཡིན་རོ་གཅིག་ཆེན་པོར་རྟོགས། །
ད་ལྟ་གྲུབ་པའི་རྣལ་འབྱོར་ཆེན་པོ་མཆོག །
ན་ཚོད་ཆུང་ངུའི་དུས་ནས་ཆོས་ཀྱིས་འཚོ་། །
པ་ཏྲའི་རྒྱན་ལྡན་ཆོས་གོས་ལུས་ལ་མཛེས། །
ཕ་རོལ་རྒྱུད་ལ་ཐར་བའི་ས་བོན་འཇོག །
བ་གླང་ཡན་ཆོད་འཁོར་བ་ལས་སྒྲོལ་བའི། །
མ་གྱུར་འགྲོ་བའི་མགོན་པོར་ཞབས་བརྟན་གསོལ། །
ཙ་རི་ཏྲ་སོགས་ངེས་མེད་གནས་མཆོག་ཏུ། །
ཚ་བའི་ནད་འཇོམས་བྱང་སེམས་བདུད་རྩིའི་ཆོས། །
ཛ་ཡའི་ཆུ་བཞིན་ཉམས་ལེན་འབྲལ་མ་མྱོང་། །
ཝ་སྐྱེས་འཇོམས་ལ་ལུང་རིགས་སེང་སྐད་སྒྲོག །
ཞྭ་མོ་དཀར་སེར་དམར་ལྗང་མནབ་རྒྱུ་མེད། །
ཟ་ཁང་ཆེན་པོའི་ནང་དུ་ཕེབས་མ་མྱོང་། །
འ་འུར་འཇིག་རྟེན་ཆོས་བརྒྱད་ཆ་ཙམ་མེད། །
ཡ་ཀི་ལྷ་ཡི་བརྒྱུད་འཛིན་ཁྱེད་ཁོ་ན། །
ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་ཀྱི། །
ལ་ལུང་རི་སུལ་འགྲིམ་པའི་རྣལ་འབྱོར་བ། །
ཤ་རུས་གདུང་རྒྱུད་གཅིག་པའི་གྲོགས་རྣམས་ལ། །
ས་གསུམ་མགོན་པོ་ཡིན་ཞེས་ངོ་སྤྲོད་ཞུ། །
ཨ་ལག་མཁན་ཆེན་བློ་བཟང་ནོར་བུ་ཁོང་། །
ཧ་ཅང་བསྟོད་པའི་ཚིག་གི་མི་མཉེས་ཀྱང་། །
ཨ་མར་འཁྲེང་བའི་བུ་ཡི་གདུང་ཚིགས་ལྟར། །
ཧ་ཧ་དགའ་དད་ཆེས་ནས་ཚིག་གསུམ་ཤོར། །
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡ལ།
མཆོག་སྨྱོན་པའི་ཀ་རྩོམ།
- བོད་ལ་ཕུལ་བའི་བོད་ཡིག་གི་སེམས་འཕྲིན།
- སྤྲུལ་སྐུས་མཁན་པོ་ལ་བསྙད་འཚོལ་བ།
- སྤྲུལ་སྐུ་ཚོ་ང་ཚོས་ཅི་ལྟར་བྱེད་རྒྱུ་ཡིན།
- སྔགས་པ་ཚོས་ཚོད་ཟུངས་དང་དགའ།
- ཀ་མད་སུམ་ཅུ་ལུགས་ལྡོག་གི་སྙིང་གཏམ་འཁོར་བ་ཕྱིར་ལྡོག་གི་གདམས་པ།
- བོད་ཀྱི་མཁའ་འགྲོ་མ་དྲན་པའི་ངང་ཐུང་གི་གླུ་ཆུང་།
- རབ་སྔགས་གཉིས་འཛོམས་སྔ་འགྱུར་བསྟན་འཛིན་མཐུན།
- རང་ཚུལ་དྲང་པོར་བརྗོད་པའི་གཏམ་ཞེས་བྱ་བ་བཞུགས།
- བསམ་གཏན་པའི་ཁ་སྤུ་ལས་བརྩམས་པའི་ཀ་རྩོམ།